ལྷ་ས་པེ་ཅིང་དུ་སྐད་གྲགས་ཆོད་འདུག

2023-05-15
417

             གངས་ལྗོངས་དང་པེ་ཅིང་སྦྲེལ།

  སྤྱི་ཟླ་ལྔ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ཐའེ་ཧུའུ་འཁྲབ་སྟོན་ཁང་དུ། བོད་ལྗོངས་དང་པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་170ལྷག་གིས་གཟིགས་མོ་བ་ཚོར་དམིགས་བསལ་གྱི་ཞབས་བྲོ་ཞིག་འཁྲབ་སྟོན་བྱས་ཡོད། འདི་ནི་སྤྱི་ལོ་2023ལོའི་མཛེས་པས་སློབ་མ་སྐྱོང་ཞེས་པའི་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་གཞོན་ནུ་ལོ་ཆུང་གི་སྒྱུ་རྩལ་དུས་ཆེན་ལ་དམིགས་སུ་ཇུས་འགོད་བྱས་པའི་ལེ་ཚན་སྟེ་གངས་ལྗོངས་དང་པེ་ཅིང་སྦྲེལ་ཞེས་པའི་ཞབས་བྲོའི་ཆེད་དོན་འཁྲབ་སྟོན་ཞིག་རེད།

  ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི༼གངས་ལྗོངས་དང་པེ་ཅིང་སྦྲེལ༽ཞེས་པ་དང་། རས་པ། ནང་མ་སྟོད་གཞས། སྨར་ཁམས་ཀྱི་པི་ཝང་ཞབས་བྲོ། ནག་ཆུའི་སྐོར་བྲོ་སོགས་སྲོལ་རྒྱུན་གྱི་མི་རིགས་ཞབས་བྲོ་ལས་གཟིགས་མོ་བ་ཚོས་བོད་རིགས་ཀྱི་ཞབས་བྲོའི་ཉམས་འགྱུར་དང་དེའི་ཡུན་རིང་བའི་ལོ་རྒྱུས་མྱོང་ཚོར་ཐུབ་པ་བྱས་ཡོད།

  རྒྱལ་ཁབ་ཟློས་གར་ཁང་ཆེན་མོས་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཚུང་ཧྲོའེ་ཧྲོའེ་མཛུབ་སྟོན་སྐུ་མགྲོན་དུ་གདན་ཞུ་བྱས་ནས་སློབ་མ་ཚོར་ནང་མ་སྟོད་གཞས་དང་རས་པ། སྒྲ་སྙན། སྨར་ཁམས་ཀྱི་པི་ཝང་སོགས་བོད་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོའི་སྒྱུ་རྩལ་གྱི་ཤེས་བྱ་འགྲེལ་བརྗོད་གནང་ཡོད།

  པེ་ཅིང་གྲོང་ཁྱེར་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་བོད་སྐྱོར་ལས་བྱེད་པ། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་སློབ་གསོའི་སྣེ་ཁྲིད་པ། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ཀྲའུ་ཞའོ་ཡུས་ཀྱིས། པེ་ཅིང་གི་སྤུས་ལེགས་སློབ་གསོ་དང་རིག་གནས། ཚན་རྩལ་ཐོན་ཁུངས་ལ་བརྟེན་ནས་ས་གནས་གཉིས་པོའི་སློབ་མའི་བར་འགྲོ་འོང་དང་སྤེལ་རེས། འབྲེལ་འདྲིས་ཐུབ་པ་བྱས་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་འཛུགས་དང་། མི་རིགས་བསྐྱར་དར་གྱི་ལས་འགན་ཕྲག་ཐོག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།

  རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་སྒྱུ་རྩལ་ཁྱབ་གདལ་དང་སློབ་གསོ་པུའི་པུའུ་ཀྲང་ཁྲེན་གེ་ཡིས། ཞབས་བྲོའི་སྒྱུ་རྩལ་ལས་ཕྲུ་གུ་ཚོས་གར་སྟེགས་ལ་བཅངས་པའི་བརྩེ་བ་དང་རྒན་ལགས་ཀྱི་སྐུ་ལས་གང་འདྲ་སྐྱོན་ཡོད་མེད་མྱོང་ཚོར་ཡོང་ཐུབ། ལྷག་པར་དུ་སློབ་མ་ཚོས་ཕུལ་བྱུང་གི་འཁྲབ་སྟོན་འདི་འདྲ་ཞིག་ང་ཚོའི་མིག་ལམ་དུ་བཤམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

  ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཀུན་བཟང་ཆོས་སྒྲོན་གྱིས། ད་ཐེངས་པེ་ཅིང་ནས་ངས་གྲོགས་པོ་མང་པོ་ངོ་ཤེས་ཐུབ་བྱུང་། ད་དུང་ཁོང་ཚོ་དང་ཞབས་བྲོ་འཁྲབ་སྟོན་གྱི་ཉམས་མྱོང་སྤེལ་རེས་ཡང་བྱས་པ་ཡིན་པས་ང་རང་དགའ་ཚོར་ཆེན་པོ་བྱུང་། མ་གཞི་སྔོན་མ་གར་སྟེགས་གཞན་གྱི་ཐོག་ཏུའང་ཞབས་བྲོ་འཁྲབ་མྱོང་ཡོད། འོན་ཀྱང་། ངས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་ནི་གར་སྟེགས་གཞན་དང་མི་གཅིག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འདི་གར་ཞབས་བྲོ་འཁྲབ་རྒྱུ་བྱུང་བ་དེ་ངས་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད་ཅེས་བཤད་ཡོད།


  • 顶 0