
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་དར་སྤེལ་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གནད་འགག་ཏུ་བཟུང་ནས། ཞིང་ལས་ཀྱི་ཐོན་ལས་མ་ལག་རྒྱུན་བསྲིངས་དང་རྒྱ་བསྐྱེད་པ་དང་། ཞིང་སྡེའི་ཐོན་ལས་དང་ལས་རྣམ་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་བཏང་ནས། ཞིང་པ་ཡོང་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་རྒྱ་བསྐྱེད་དགོས་ཞེས་ནན་གསུང་གནང་། ས་གནས་སོ་སོས་བྱེད་ཐབས་གང་མང་བཏོན་ནས། ཐོན་ལས་མ་ལག་རྒྱ་བསྐྱེད་པས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཡོད།
མིག་སྔར་ནི་སུར་པན་མྱུག་འབུར་སྤོ་འཛུགས་ཀྱི་དུས་ཚིགས་རེད། སུར་པན་འདེབས་འཛུགས་དར་བའི་ཞིང་ཆེན་དང་པོ་ཀུའེ་ཀྲུའོ་ཞིང་ཆེན་གྱིས་ད་ལོར་འདེབས་འཛུགས་ས་མུའུ་ས་ཡ་ལྔ་དང་འབུམ་བདུན་ལ་ཟིན། སུར་པན་གཙོ་ཁྲིད་ཐོན་ལས་ཀྱི་ཞོར་ལས་རིན་ཐང་མཐོར་འདེགས་གཏོང་ཆེད། ད་ལོ་ནས་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ལག་རྩལ་རིམ་སྤར་དང་ཕན་འབྲས་རྒྱ་བསྐྱེད་དང་། བཟོ་རྩལ་གསར་པ་དང་ཟས་རིགས་གསར་པ་ཞིབ་འཇུག་གསར་སྤེལ་ལག་བསྟར་བྱས་ནས། ཁེ་ལས་ཆུང་འབྲིང་ཕྲན་གསུམ་གང་མང་འགུག་ཞུགས་བྱེད་ཡོད། ད་ལོའི་ཟླ་བ་བཞི་པར་འཚོགས་པའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་ཐོག ཀུའེ་ཀྲོའུ་ཞིང་ཆེན་གྱི་སུར་པན་སྣུམ་སོགས་ཐོན་རྫས་གསར་པ་རབ་དང་རིམ་པར་སྒོར་བྱེ་བ་རི་བའི་མངག་ཐོ་རག་པ་རེད།
ཀུའེ་ཀྲོའུ་ཝུའུ་ཅཱ་བཟའ་ཚང་གཉིས་ཀྱི་ཉོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་པ་ཀྲའོ་ཏན་གྱིས། ང་ཚོས་ཨོ་སི་ཐྲ་ལི་ཡ་དང་ཡོ་རོབ། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁ་ཤས་དང་འབྲེལ་གཏུག་བྱས་ནས། ཕྱིར་འཚོང་ཐབས་ལམ་གང་མང་མང་འབྱེད་ཀྱིན་ཡོད། ཐོན་སྐྱེད་ལས་རིམ་ཡང་ཁྱོན་ཡོངས་ནས་རིམ་སྤར་བྱས་ཡོད་ལ། བྲོ་བའང་དེ་བས་ཞིམ་པོ་རེད། མིག་སྔར་ཐོན་སྐྱེད་ལས་རིམ་ཡོངས་རྫོགས་འཁོར་སྤྱོད་བྱེད་བཞིན་ཡོད་ཅེས་བཤད།
ཞིང་ནང་ནས་ཁྱད་ལྡན་ཐོན་རྫས་རྒྱུན་མ་ཆད་པར་རྒྱ་བསྐྱེད་དེ་མི་སེར་ཚོ་ལ་སྔར་བས་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ཕན་ཐོབ་བཞིན་ཡོད། གྲོང་གསེབ་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་ལྡན་འོག དུས་ཚིགས་དང་པོར། རང་རྒྱལ་གྱི་ཞིང་སྡེ་སྡོད་དམངས་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་དྲུག་སྟོང་ཆིག་བརྒྱ་སོ་གཅིག་ལ་ཟིན་བས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཡོང་འབབ་ལས་བརྒྱ་ཆའི་གྲངས་གནས་གཉིས་ཚེག་གཅིག་ཇེ་མགྱོགས་སོང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་དུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བར་མཐོང་ཆེན་གནང་། ཧྲན་ཞི་ཡི་གདུང་སེལ་ཚལ་ནས་ཧའེ་ནན་གྱི་ཇ་ལོ། ཧྲའན་ཞི་ཡི་ཀུ་ཤུ་སོགས་རྒྱལ་ཡོངས་སུ་རྟོག་དཔྱད་ཞིབ་འཇུག་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་བསྟོད་བསྔགས་གནང་སྟེ། ཁོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་རིགས་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་པ་དམ་པོར་འཛིན་ནས། གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་ཏེ། ཐོན་ལས་དར་རྒྱས་ཡོང་བར་བྱེད་དགོས་ཞེས་གསུངས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་དང་པོར་ཀོང་ཀྲོའུ་རུ་རྟོག་ཞིབ་ཕེབས་ནས། ས་གནས་དེ་གའི་འབྲུག་ཚགས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། མགྱོགས་མྱུར་དུ་དེང་རབས་ཅན་གྱི་གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།
ཞིང་ལས་ཞིང་སྡེ་པུའུ་ཡི་གྲོང་གསེབ་དར་རྒྱས་ཆེད་མཁས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཧུང་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས་ཞེས་ཐེངས་མང་གསུངས་ཡོད། འདི་ནི་ཐོན་ལས་དར་རྒྱས་གཏོང་བའི་ཐབས་ལམ་འགངས་ཆེ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཐོན་ལས་རྨང་གཞི་བརྟན་ཞིང་དར་རྒྱས་གཏོང་དགོས། དེས་ན་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་ཞེ་ན། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས། ཞིང་ལས་ཀྱི་བྱེད་ནུས་སྣ་མང་འདོན་སྤེལ་བྱེད་དགོས་ལ། དེང་རབས་ཞབས་ཞུའི་ལས་རིགས་དང་དེང་རབས་ཞིང་ལས་མཉམ་འདྲེས་ཟབ་སྤེལ་གཏོང་རྒྱུ་དེ་རེད་ཅེས་བཤད།
དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ལྔ་བཅུ་དང་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོགས་པ་བཞི་བཅུ། ཞིང་ལས་ཐོན་ལས་དར་རྒྱས་གྲོང་རྡལ་ཉིས་བརྒྱ་གསར་དུ་འཛུགས་རྒྱུར་ཆོག་མཆན་གནང་ནས་ཞིང་ལས་སྤེལ་ཁུལ་འཛུགས་སྐྱོང་རིམ་སྤར་བྱས་པ་རེད། ཀོང་ཏུང་མའོ་མིང་གིས་ལོ་ཧྥེ་ཉའི་དེང་རབས་ཞིང་ལས་ཐོན་ལས་སྤེལ་ཁུལ་དུ་མིག་སྔར་ཁེ་ལས་ཉིས་བརྒྱ་རེ་དགུ་འདུས་ཡོད་ལ། ཉ་ཕྲུག་གསོ་སྐྱོང་དང་ཉ་གཟན་འདོན་སྤྲོད། ཉ་བསྲེག་སོགས་ཐུམ་རྒྱག་ཐོན་རྫས་ལས་སྣོན་ཕྱིར་འཚོང་བྱས་ཏེ། ཐོན་ལས་མ་ལག་ཡོངས་འཕེལ་རྒྱས་བཏང་ཡོད་པ་རེད།
ཀོང་ཏུང་ཞིང་ཆེན་མའོ་མིང་ཞིང་ལས་ཞིང་སྡེ་ཅུས་ཀྱི་འགོ་འཛིན་གཞོན་པ་ཀྲུང་ཞུའོ་ཝེ་ཡིས། ལོ་ཧྥེ་ཉའི་ཐོན་ལས་མ་ལག་འཕེལ་རྒྱས་བཏང་ནས་ང་ཚོས་རྩིས་ཤིག་བརྒྱབ་ན། ལོ་ཧྥེ་ཉ་རྫིང་བུའི་ནང་ནས་ཉོ་སྐབས་རྒྱ་མ་གང་ལ་སྒོར་བཞི་ཡིན་ལ། ཉ་བསྲེག་ཐུམ་རྒྱག་ཐོན་རྫས་ལས་རྗེས། ཉ་རྐང་གཅིག་གིས་སྒོར་བཞི་བཅུ་ལོན་ཐུབ་པར་མ་ཟད། ཙོང་དང་སྒོག་པ། ལྕ་སྒ་སོགས་བྲོ་རྫས་རིགས་ཀྱི་ཐོན་ལས་ཀྱང་འཕེལ་རྒྱས་བཏང་ཡོད་ཅེས་བཤད།
ད་ལོར།ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཆུ་ཚད་མཐོར་འདེགས་གཏོང་ཆེད། རང་རྒྱལ་གྱིས་སྣེ་ཁྲིད་ཁེ་ལས་ཀྱིས་རྫོང་ནང་གི་མ་བཅོས་རྒྱུ་ཆའི་རྟེན་གཞི་དང་ལས་སྣོན་ཐོན་ནུས་བཀོད་སྒྲིག་ལ་རྒྱབ་སྐྱོར་ཆེན་པོ་བྱས་ནས། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་སྐོར་ཞིག་གསོ་སྐྱོང་བྱེད་ཡོད།
དུས་ཚིགས་དང་པོར། ཞིང་ལས་ལས་གཉེར་མཁན་གསར་པ་དང་ཞབས་ཞུའི་རྩ་འཛུགས་ཀྱིས་ནུས་པ་གང་ཡོད་བཏོན་ནས། ཐོན་ལས་ལ་སྒུལ་ཤུགས་གསར་པ་བསྐྲུན་ཡོད་དེ། ཟླ་བ་གསུམ་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་སྒེར་གྱི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོ་སོར་ཡ་བཞི་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་ལྷག་ཡོད་པ་དང་། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ས་ཡ་གཅིག་དང་ཁྲི་བཞི་ལས་བརྒལ་ཡོད། ད་ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་འབྲེལ་མཐུད་བརྟན་པོ་བྱེད་པའི་གསབ་དངུལ་དེ་ཐོན་ལས་འཕེལ་རྒྱས་ལ་སྤྱོད་པའི་ཟིན་ཚད་དེ་བརྒྱ་ཆའི་དྲུག་ཅུའི་ཡན་ལ་ཇེ་མཐོར་བཏང་ནས། དབུལ་བྲལ་ས་ཁུལ་གྱིས་གཙོ་བོ་གཅིག་དང་རམ་འདེགས་གཉིས་ཀྱི་ཁྱད་ལྡན་ཐོན་ལས་གཙོ་བོར་བྱེད་པར་རྒྱབ་སྐྱོར་བྱེད་ཡོད།
ཞིང་ལས་ཞིང་སྡེ་པུའུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སི་ཡི་རིམ་པ་དང་པོའི་སྐོར་སྐྱོད་པ་ཝུའུ་ཞའོ་ལིན་གྱིས། རྗེས་མར་ང་ཚོས་གྲོང་གསེབ་ཀྱི་ཐོན་ལས་གཙོ་བོ་མཐོར་འདེགས་བྱ་སྤྱོད་སྤེལ་བ་དང་། ཞིང་ལས་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་ལ་གཞིགས་ནས། ཁེ་ལས་གཙོ་བོ་དར་རྒྱས་དང་མ་ལག་ཁ་གསབ། ལས་གཉེར་དར་སྤེལ། ཚོང་རྟགས་གཏོད་པ་བཅས་བྱས་ནས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ཇེ་མགྱོགས་བྱེད་པར་མཐུན་རྐྱེན་ཡག་པོ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
འཕྲིན་སྟེགས། weikangba