སང་ཉིན་ཐད་གཏོང་འདི་འཆོར་དུ་མ་འཇུག
སྤྱི་ཟླ་བཞི་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་ཐོག ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ནས་མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་ཐད་གཏོང་ཆེན་མོ་སྤེལ་རྒྱུ་ཡིན།


ཟླ་བཞི་པའི་ཤར་ཕྱོགས་ཀོང་ཡུལ་ལ་དཔྱིད་ཀྱི་དཔལ་ཡོན་རྒྱས་ནས་ཁམ་བུའི་མེ་ཏོག་རྣམ་པར་བཀྲ། ཡུལ་འདིའི་གངས་རི་མཐོ་ཞིང་བརྗིད། མཚོ་མོ་དྭངས་ཞིང་གསལ། རིག་གནས་ལོ་རྒྱུས་ཀྱི་རྔམ་མཐུག་ལ་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས། ཐེངས་འདིར་ང་ཚོས་ཆུ་ཚོད་བཅུ་གཉིས་རིང་གི་ཐད་གཏོང་བརྒྱུད། ཀོང་པོ་རྒྱ་མདའི་མཛེས་ལྗོངས་དང་ངོ་མཚར་ལོ་རྒྱུས། བདེ་སྐྱིད་འཚོ་བ་བཅས་སྟོན་རྒྱུ་ཡིན་པས་དུས་ཐོག་ཏུ་གསན་གཟིགས་གནང་བར་དགའ་བསུ་ཞུ།

ཐད་གཏོང་ཁྲོད་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་དཔལ་ཆེན་དབང་རྒྱལ་དང་ནོར་བུ་བསམ་འགྲུབ། སངས་རྒྱས་ཚེ་རིང་དང་། གཞས་མ་དབྱངས་ཅན་ལྷ་མཛེས་སོགས་གདན་འདྲེན་ཞུས་ནས། ཀོང་པོ་རྒྱ་མདའ་རང་ས་གནས་ཀྱི་ཕུལ་བྱུང་སྒྱུ་རྩལ་པ་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད།


དེ་མིན་ཐད་གཏོང་ལས། ཀོང་པོ་རྒྱ་མདའི་རི་ཆུའི་མཛེས་པ་ཉམས་སུ་མྱོང་ཆེད། བྲག་གསུམ་མཚོ་དང་རྒྱ་གར་སྟོང་བཙན་སྐྱེ་ཁམས་གླིང་གི་བརླན་ཚལ་སྤྲེའུའི་སྐྱིད་ཚལ། རྒྱ་མདའ་རྙིང་པ་སོགས་ཀྱི་ཡུལ་ལྗོངས་ཀྱི་མཛེས་པ་ངོམས་རྒྱུ་རེད།


ཇ་རྟའི་བརྡལ་ལམ་དང་ཐང་བོད་གནའ་ལམ། དེ་མིན་ཁྲོན་བོད་ལམ་སོགས་ཀྱི་གཞི་མདོར་གནས་པའི་ཀོང་པོ་རྒྱ་མདར་མཚོན་ན། གནའ་ནས་ད་བར་མི་རིགས་འདུས་སྡོད་དང་འགྲོ་འོང་། སྤེལ་རེས་ཀྱི་ཡུལ་གལ་ཆེན་ཞིག་ཡིན་པས། གནས་འདི་ན་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཟས་མཆོག་རིག་གནས་མང་པོ་ཡོད་ལ། ཐད་གཏོང་ལས་ཀོང་པོ་རྒྱ་མདའི་ས་གནས་རང་གི་ཁྱད་འཕགས་ཐོན་རྫས་མཚམས་སྦྱོར་བྱས་པ་བརྒྱུད་དེ་ལེགས་སྐྱེས་མང་པོ་བསྐུར་རྒྱུ་ཡིན་པས་དུས་ལྟར་ཕེབས་རོགས་ཞུ།

ཐེངས་འདིའི་མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་ཐད་གཏོང་ཆེན་མོ་དེ་ཁམས་པའི་བརྙན་འཕྲིན་ཁང་གི་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས། འཕྲིན་ཕྲན་བརྙན་སྟེགས། དེ་མིན་སི་ཁྲོན་ལྟ་ཞིབ་སོགས་ནས་གཏོང་རྒྱུ་ཡིན་པས་དུས་ལྟར་གསན་གཟིགས་གནང་རོགས་ཞུ། ང་ཚོས་མཉམ་དུ་ཐད་གཏོང་ཁང་ནས་གནས་འདིའི་མི་ཆོས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པ། འཆམ་མཐུན་གྱི་མཛེས་པ་ཉམས་སུ་མྱོང་ཡ།

ཐད་གཏོང་དྲ་གནས། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེའི་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་བརྙན་སྟེགས་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་ཐད་གཏོང་ཁང་།

སི་ཁྲོན་ལྟ་ཞིབ་ཀྱི་ཐད་གཏོང་ཁང་།

འཕྲིན་སྟེགས། weikangba