ཤར་ཕྱོགས་ཀོང་ཡུལ་ན་མཁར་རྫོང་འདི་འདྲ་ཡོད་པ་ཤེས་སམ།
ཤོ་པ་གནའ་མཁར་ནི་བོད་ཀྱི་ལོ་རྒྱུས་ཆེས་རིང་ལ་ཉར་ཚགས་ཆེས་ལེགས་པའི་གནའ་བོའི་མཁར་རྫོང་གི་གྲས་ཤིག་ཡིན། གནའ་མཁར་འདི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་ཤོ་པ་གྲོང་ཚོར་ཆགས་ཡོད། རྒྱལ་ལམ་གསུམ་གཅིག་བརྒྱད་དང་སྤྱི་ལེ་གཅིག་གི་མཚམས་སུ་ཡོད་ལ། ཀོང་པོ་རྒྱ་མདའ་རྫོང་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་ཡོད། ཤོ་པ་ཞེས་པའི་ས་མིང་གི་བཤད་སྲོལ་ལ་གྲོང་ཚོ་དེའི་ཡུལ་ལྷ་ཤོ་རྩེད་རྒྱུ་ལ་དགའ་བས། ཡུལ་མིང་དེ་ལྟར་ཐོགས་པས། སྒྲ་ཟུར་ཆགས་ཏེ་ཤོ་པ་ཞེས་བརྗོད་པར་གྲགས།

ཤོ་པ་གནའ་མཁར་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དང་པོར་གསར་སྤེལ་བྱས་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཁུལ་ཡིན་ལ། ཉང་ཆུའི་འགྲམ་ངོགས་ཡུལ་སྐོར་ཁུལ་གྱི་མཛེས་ལྗོངས་གཙོ་གྲས་ཡིན་པ་རེད། ཤོ་པ་གནའ་མཁར་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་བཅུ་ཡོད་ལ། སྔོན་ཆད་གནས་འདིར་གནའ་མཁར་བདུན་ཡོད་པ་དང་། ཆགས་དབྱིབས་སྐར་མ་སྨིན་བདུན་དང་འདྲ་ཟེར། ཡིན་ཡང་ཆར་ཆུའི་འཇིག་པ་དང་ལོ་ཟླའི་རླུང་འཚུབ་ཁྲོད་ནས། མཁར་རྫོང་གཉིས་ཆག་འཇིག་ཐེབས་འདུག མཐོ་ཞིང་བརྗིད་པའི་མཁར་རྫོང་དེ་དག་ལོ་ངོ་སྟོང་ཕྲག་རིང་པོར་ཉི་ཆར་རླུང་གསུམ་གྱིས་བརྡབ་གསིག་བཏང་ཡང་། མང་ཆེ་བར་གནོད་མ་ཕོག་པར་གནམ་གྱི་ཀ་བ་ནང་བཞིན་བརྟན་པོར་འགྱིང་ཐུབ་པ་ནི། གནའ་མི་ཚོས་ཤེས་རབ་དང་ལག་རྩལ་གང་འདྲ་ཞིག་ལ་བརྟེན་ནས་བསྐྲུན་པ་ཡིན་སུས་ཀྱང་བཤད་མི་ཐུབ།

གནའ་བོའི་མཁར་རྫོང་འདི་དག་ཟུར་བཅུ་གཉིས་ཅན་ཡིན་ལ། ནང་དུ་འཛུལ་རྗེས་གཞི་ནས་དཀྱིལ་སྟོང་པ་ཡིན་པ་ཤེས། གྱང་གི་མཐུག་ཚད་ལ་སྨི་གཉིས་ཙམ་ཡོད་པ་དང་། གྱང་གི་ནང་ལྡེབས་སུ་ཤིང་སྟར་བའི་རྗེས་ཤུལ་ཡོད་ལ། དེ་དག་ལ་བརྟེན་ནས་རྩེ་མོར་འཛེགས་ཐུབ། བརྩེགས་རེ་རེའི་ཚད་ན་སོ་ཁུང་ཡོད་ལ། དེ་དག་ལས་མདའ་འཕེན་སོ་ལྟ་སོགས་བྱེད་ཐུབ། མཁར་རྫོང་གི་མཐའ་སྐོར་དུའང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་དེ། རྡོ་ཁང་བང་རིམ་བཞིན་བརྩིགས་ནས། སྲུང་སླ་ལ་རྒོལ་དཀའ་བའི་འགོག་སྲུང་མ་ལག་ཅིག་གྲུབ་ཡོད་པས། སྔོན་ཆད་གནས་འདི་གལ་འགངས་ཤིན་ཏུ་ཆེ་བའི་བཙན་རྫོང་ཞིག་ཡིན་པ་གདོན་མི་ཟ། གནས་འདི་ནས་འགྲེང་སྟེ་ཕྱོགས་བཞིའི་གནའ་མཁར་ལ་ལྟ་དུས། རང་ཉིད་ཀྱང་གནའ་བོའི་བཙན་རྫོང་དུ་གནས་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་།

ཤོ་པ་གནའ་མཁར་དང་འབྲེལ་བའི་ངག་རྒྱུན་གཏམ་རྒྱུད་ཀྱང་བརྗོད་ཀྱི་མི་ལང་། ས་གནས་དེ་གའི་མང་ཚོགས་ཚོས་བཤད་ན། གནས་འདི་གེ་སར་རྒྱལ་པོས་བདུད་རིགས་དམ་ལ་འདོགས་སའི་གནས་ཡིན་པར་བཤད་ཅིང་། མཐའ་འཁོར་གྱི་བྲག་ངོས་ན་ད་དུང་གེ་སར་གྱི་མདའི་རྗེས་ཤུལ་ཡོད་རབས་བཤད། དེ་མིན་ད་དུང་གནས་འདི་བཙན་པོའི་རྒྱལ་རབས་སྐབས་སྲོང་བཙན་སྒམ་པོས་མཐའ་བཞིའི་དགྲ་བོ་འདུལ་བའི་སྐབས་སུ། དམག་དཔུང་བརྡ་རྒྱག་དང་འགོག་སྲུང་གི་ཆེད་དུ་མཁར་རྫོང་འདི་དག་བཞེངས་པ་རེད་ཟེར།

ཐེངས་འདིའི་མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་ཐད་གཏོང་ཆེན་མོའི་ཚོགས་ར་གཙོ་བོ་ཤོ་པ་གནའ་མཁར་དུ་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་གཞོམ་ཞིག་མེད་པར་ལྷང་ངེར་འགྱིང་བའི་མཁར་རྫོང་འགྲམ་ནས། མཉམ་དུ་འདས་སོང་གི་གཏམ་རྒྱུད་འཚོལ། ད་ལྟ་ཡི་བདེ་སྐྱིད་གླེང་། མ་འོངས་ཀྱི་ཕུགས་འདུན་བསྙེག

སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ལ་ཐད་གཏོང་ཆེན་པོ་ཞིག་ཡོད།
སྤྱི་ཟླ་བཞི་པའི་ཚེས་གཅིག་ཉིན། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་གནས་མཆོག་ཀོང་པོ་རྒྱ་མདའ་ནས་ཐད་གཏོང་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ལ། ང་ཚོས་མཉམ་དུ་ཐད་གཏོང་ཁང་ནས་གནས་འདིའི་མི་ཆོས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པ། འཆམ་མཐུན་གྱི་མཛེས་པ་ཉམས་སུ་མྱོང་ཡ།

ཐད་གཏོང་དྲ་གནས།
ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེའི་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་བརྙན་སྟེགས་ཐད་གཏོང་ཁང་།

ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་ཐད་གཏོང་ཁང་།

འཕྲིན་སྟེགས། weikangba