རང་རྒྱལ་གྱི་ཐེངས་འདིའི་རིམས་ནད་མཇུག་སྒྲིལ་ལ་ཉེ།

2023-02-01
6432

  ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་1ཚེས་25ཉིན་འགྲེམ་སྤེལ་བྱས་པའི《རྒྱལ་ཡོངས་ཏོག་དབྱིབས་ནད་དུག་གསར་པའི་འགོ་ནད་བརྟག་བཅོས་དང་ལྟ་དཔྱད་གྲངས་གཞི་མདོར་བསྟན》ཞེས་པའི་ནང་། ལྟ་དཔྱད་གྲངས་གཞི་རིགས་ཁག་ཕྱོགས་བསྡུས་བྱས་ན་རང་རྒྱལ་གྱི་ཐེངས་འདིའི་རིམས་ནད་2022ལོའི་ཟླ་12པའི་ཟླ་སྨད་དུ་མཐོ་པོར་སླེབས་ཤིང་། དེ་རྗེས་རྒྱུན་མཐུད་མར་ཆག་ཡོད། ཞིང་ཆེན་ཁག་གི་འཕེལ་ཕྱོགས་སྤྱིའི་ཆ་ནས་ཕལ་ཆེར་འདྲ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱང་སྤྱིའི་ཆ་ནས་དུས་མཉམ་ཡིན། སྒོ་བསྟེན་(འཕྲུལ་བཅོས)མི་གྲངས་དང་སྨན་ཁང་དུ་བསྡད་པའི་ནད་ལྕི་ནད་པ། སྨན་ཁང་ནས་ཤི་བའི་མི་གྲངས་བཅས་ཚང་མ་མར་ཆག་པའི་ཚུལ་མངོན་ཡོད། ཟླ་1པོའི་ཟླ་སྨད་དུ་རྒྱལ་ཡོངས་ཀྱི་སྤྱིའི་རིམས་ནད་ཅུང་དམའ་བའི་ཚད་དུ་སླེབས་ཡོད་ཅིང་། སྨན་བཅོས་སྐྱོབ་བཅོས་གནོན་ཤུགས་སྔར་བས་ཞི་འཇགས་སུ་སོང་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རིམས་ནད་མངོན་གསལ་གྱི་ལྡོག་འཕར་བྱུང་མེད་པ་དང་། རིམས་ནད་ཁྱབ་མཆེད་ཀྱི་གོ་རིམ་ཧྲིལ་པོའི་ཁྲོད་དུ་གཞི་འགྱུར་ནད་དུག་གསར་པ་ཤེས་རྟོགས་བྱུང་མེད་ཅིང་། རང་རྒྱལ་གྱི་ད་ཐེངས་ཀྱི་རིམས་ནད་མཇུག་སྒྲིལ་ལ་ཉེ་ཞེས་བསྟན་ཡོད།

  གྲངས་གཞི་ལས་མངོན་པར། 2022ལོའི་ཟླ་12པའི་ཚེས་9ཉིན་གྱི་རྗེས་སུ་ཞིང་ཆེན་ཁག་གིས་སྙན་ཞུ་ཕུལ་བའི་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཁ་གྲངས་དང་དེ་བཞིན་གདགས་གཤིས་ཐོན་ཚད་ཐོག་མའི་དུས་སུ་ཇེ་མང་དུ་འཕར་བ་དང་དེ་རྗེས་མར་ཆག་པའི་ཚུལ་མངོན་ཡོད། གདགས་གཤིས་མི་གྲངས་ཟླ་12པའི་ཚེས་22ཉིན་མཐོ་པོར་(ཁྲི་694)སླེབས་པ་དང་དེ་རྗེས་རིམ་གྱིས་མར་ཆག་ཡོད། ཟླ་1ཚེས་23ཉིན་དམའ་ཤོས་ཏེ་ཁྲི་1.5རུ་ཆག་ཡོད། བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཐོན་ཚད་ཟླ་12ཚེས་25ཉིན་(29.2%)མཐོ་པོར་སླེབས་རྗེས་རིམ་གྱིས་མར་ཆག་པ་དང་། ཟླ་1ཚེས་23ཉིན་5.5%རུ་ཆག་ཡོད།


  ཞིང་ཆེན་ཁག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཐོན་ཚད་མཐོ་པོར་སླེབས་པའི་དུས་ཚོད་མི་འདྲ་ཞིང་། དེ་ལས་པེ་ཅིང་དང་ཐེན་ཅིན་དུ་སོ་སོར་ཟླ་12ཚེས་14ཉིན་དང་ཚེས་19ཉིན་མཐོ་ཤོས་སུ་སླེབས་པ་དང་། སི་ཁྲོན་དང་ཁྲུང་ཆིང་། ཧུའུ་པེ་སོགས་ཞིང་ཆེན་15རུ་ཟླ་12ཚེས་21ཉིན་ནས་ཚེས་24བར་དུ་མཐོ་ཤོས་སུ་སླེབས་ཡོད་ལ། ཧུའུ་ནན་དང་ཀྲེ་ཅང་། ཀོང་ཞི་སོགས་ཞིང་ཆེན་15རུ་ཟླ་12ཚེས་26ཉིན་ནས་ཚེས་28བར་དུ་མཐོ་ཤོས་སུ་སླེབས་ཡོད། ཞིང་ཆེན་ཁག་ཏུ་མཐོ་པོར་སླེབས་རྗེས་མར་ཆག་པའི་མྱུར་ཚད་མི་འདྲ་བ་དང་། མིག་སྔར་ཚང་མ་ཅུང་དམའ་བའི་ཆུ་ཚད་དུ་ཆག་ཡོད་ཅིང་། ཞིང་ཆེན་བཅུ་ཆ་བདུན་ལྷག་10%མན་དུ་ཆག་ཡོད།


  • 顶