
ན་གཞོན་དར་ན་རྒྱལ་ཁབ་དར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ན་གཞོན་ལ་ཐུགས་ཁུར་གནང་ཞིང་བརྩེ་བ་བཅངས། ཁོང་གིས་རྒྱ་ཆེ་བའི་ན་གཞོན་ཚོར་རྒྱལ་ཁབ་ཀྱི་བརྩེ་བ་ཟབ་མོ་སྐྱེད་ཅིང་། ཡར་བརྩོན་གྱི་སྤྱོད་ལམ་ཟབ་མོ་ཡོད་དགོས་ལ། ནམ་ཡང་ཧུར་བརྩོན་ཆེན་པོས་ལང་ཚོ་དར་ཞིང་རྒྱས་ནས་དུས་རབས་ལ་ངོ་མི་གནོང་བ་དང་ལང་ཚོ་སྟོང་ཟད་གཏོང་མི་རུང་ཞེས་སྐུལ་མ་གནངས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མངག་བཅོལ་ཟབ་མོས་དུས་རབས་གསར་པའི་ན་གཞོན་ཚོས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ལག་ལེན་ཆེན་མོའི་ནང་དུ་ལང་ཚོར་དོན་གྱི་བརྗིད་མདངས་མངོན་དགོས་པར་མཛུབ་ཁྲིད་གནངས།
གུང་གསེང་འདིའི་སྐབས་སུ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་སྟོང་ལྷག་གིས་མེས་རྒྱལ་ས་གནས་སོ་སོ་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བསམ་པའི་སྟོབས་ཤུགས་འཚོལ་ཞེས་བརྗོད་དོན་གཙོ་བོར་བྱེད་པའི་རྟོག་ཞིབ་བྱས་ཤིང་། གུང་གསེང་མཇུག་བསྒྲིལ་ནས་ཁོ་ཚོས་སྤྱི་ཚོགས་ལག་ལེན་གྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ནས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་རྣམས་ལ་བཤད་རྒྱུ་རེད།
མེས་རྒྱལ་འཛིན་མ་རྐང་བས་འཇལ། ཀྲུང་གོའི་སྟོབས་ཤུགས་མིག་གིས་ཟིན། ༢༠༢༢ལོའི་ཟླ་བ་བཞི་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་ནང་རྟོག་ཞིབ་གནང་དུས་རྒྱ་ཆེ་བའི་ན་གཞོན་ཚོར་མངག་བཅོལ་ཟབ་མོ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག ཀྲུང་གོའི་ན་གཞོན་གྱི་འབད་བརྩོན་དམིགས་འབེན་དང་མདུན་སྐྱོད་ཁ་ཕྱོགས་བསྡུས་ན་དོན་གཅིག་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། མི་རིགས་བསྐྱར་དར་གྱི་འགན་ཆེན་ཁུར་ཐུབ་པའི་དུས་རབས་ཀྱི་མི་རབས་གསར་པ་ཞིག་བྱ་དགོས་པ་དེ་ཡིན་ཞེས་གསུངས།
ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་༢༠༢༢ལོའི་འབུམ་རམས་པ་ཞེ་སི་ཆི་ཡིས། ང་ཚོ་དེང་རབས་ཀྱི་ལང་ཚོ་དར་ལ་འབབ་པའི་ན་གཞོན་ཚོས་ཕུགས་འདུན་དང་ཡིད་ཆེས་བརྟན་པོ་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་སྙིང་སྟོབས་རྒྱུན་འཛིན་ཡག་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོ་ན་གཞོན་ཚོར་གནང་བའི་རེ་སྒུག་སྟོང་ཟད་མི་གཏོང་ཞེས་བཤད།
ཕུགས་བསམ་དང་དད་མོས་ཟབ་མོས་བསམ་པའི་རྨང་གཞི་བརྟན་པོ་བཏང་ནས། དུས་རབས་ཀྱིས་གནང་བའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཆེས་དཀའ་ཁག་ཆེ་བའི་ལས་འགན་དེ་གྲོང་གསེབ་དུ་ཡོད་ཅེས་གསུངས་ཡོད། ན་གཞོན་མང་པོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་ཡག་པོ་བྱེད་པར་ན་གཞོན་ལ་འགན་འཁྲི་ཆེན་པོ་ཡོད་པ་ཤེས་བཞིན་ཡོད་པ་རེད།
ཧྲན་ཞི་ཞིང་ཆེན་ཧྥེན་ཞི་རྫོང་ཏོན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཅ་ལི་ལ། ཉེ་ཆར་བྲེལ་བ་ཆེན་པོ་ཤར་བཞིན་ཡོད་དེ། ཁ་བ་ཆེན་པོ་ཞིག་གིས་ཕྱི་རོལ་ལ་་དྲོད་ཚད་ཐིག་ལེ་འོག་གི་ཏུའུ་བཅུ་ལྷག་མར་ལྷུང་བས། མི་སེར་ཚོའི་སྒོ་ཕྱུགས་ལ་གནད་སྐྱོན་འབྱུང་བར་དོགས་ནས། ལི་ཅ་ལི་ཡིས་གྲོང་ཚོའི་ལས་བྱེད་ཚོ་ཁྱིམ་ཚང་རེ་རེ་ལ་སོང་ནས་གནས་ཚུལ་ཐག་གཅོད་བྱས་པ་རེད།
ན་ནིང་ལོ་གསར་མ་ཤར་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁ་བ་བུ་ཡུག་དང་གྲང་ལྷགས་ལ་མ་འཛེམ་པར་ཏོན་གྲོང་ཚོར་ཕེབས་ནས། ཞིང་པའི་ཁྱིམ་དུ་གྲོང་མི་ཚོ་དང་ཁ་བརྡ་བྱས་ཤིང་དཀའ་ཁག་ཡོད་མེད་དྲིས་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དེ་དག་ལི་ཅ་ལི་ཡི་སེམས་སུ་གསལ་ལམ་མེར་འཆར་བཞིན་མཆིས། ལི་ཅ་ལི་ཡིས། ང་ཚོའི་གྲོང་ཚོ་སྔོན་ཆད་ལའེ་ལིའང་རི་ཁུལ་གྱི་ཡུག་ཅིག་ཏུ་སྦྲེལ་བའི་དམིགས་བསལ་དབུལ་ནག་ས་ཁུལ་དུ་གཏོགས་པས། སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས་དབུལ་ལོག་འགོག་པའི་གནས་ཚུལ་བརྟག་དཔྱད་དང་རོགས་སྐྱོར་འཆར་གཞི་ལ་དོ་ཁུར་ཆེན་པོ་གནང་། ང་ཚོར་རོགས་སྐྱོར་བྱེད་ཐབས་བཅུ་གཉིས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིས་བྱེད་ཐབས་རེ་རེ་ལ་ཐུགས་ཁུར་ནན་མོ་གནང་ཞིང་། ཁོང་གིས་དངོས་གནས་དུས་དང་རྣམ་པར་ཀུན་ཏུ་མི་དམངས་མང་ཚོགས་ཐུགས་ལ་བཟུང་ཡོད་ཞེས་བཤད་པ་རེད།
ཏོན་གྲོང་ཚོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་ཞེས་གསུངས། འདས་པའི་ལོ་གཅིག་ནང་། ལི་ཅ་ལི་དང་གྲོང་ཚོའི་མི་སེར་ཚོ་དང་མཉམ་དུ་ཡུལ་མི་ཚོ་སྣེ་ཁྲིད་དེ་དེང་རབས་ཅན་གྱི་རིག་ནུས་ཁང་སྦྲེལ་དྲོད་ཁང་དང་སྔོ་ཚོད་དང་སིལ་ཏོག་དྲོད་ཁང་བསྐྲུན་ནས། ཞིང་ལས་ལ་ཨང་ཀི་ཅན་གྱི་མཐུན་རྐྱེན་བསྐྲུན། ཉིན་འདི་དག་རིང་། གྲོང་ཚོའི་ནང་དུ་གསར་དུ་བསྐྲུན་པའི་ཤ་མོ་དྲོད་ཁང་ཆེན་པོའི་ནང་ཤ་མོ་འབུས་ནས་ཤིན་ཏུ་ཡག་མོ་སྐྱེ་བཞིན་ཡོད།
ལི་ཅ་ལི་ཡིས། ངས་རང་ཉིད་ཀྱི་ལང་ཚོ་གྲོང་གསེབ་དར་རྒྱས་གཏོང་བའི་ཞིང་ཁ་རུ་འབུལ་ཐུབ་ལ། མེས་རྒྱལ་འཕེལ་རྒྱས་དང་མཉམ་ཕྱོགས་མཉམ་སྐྱོད་བྱེད་ཐུབ་པས། ང་རང་ང་རྒྱལ་སྐྱེ་འོས་པ་ཞིག་རེད། ལོ་གསར་པའི་ནང་། ངས་ཡུལ་མི་ཚོ་ཁྲིད་དེ་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ཡག་པོ་རེ་རེ་བཞིན་ལག་བསྟར་བྱས་ཏེ་རིམ་བཞིན་གྲུབ་དང་འགྲུབ་བཞིན་མཆིས་ཞེས་བཤད་པ་རེད།
དེང་རབས་ཀྲུང་གོའི་ན་གཞོན་ལ་སྐལ་བ་བཟང་པོ་ལྡན་པ་དང་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བཟུང་ནས། ཁོ་ཚོས་ཚན་རིག་ཞིབ་འཇུག་གི་ཡུལ་དངོས་ལ་འབད་པ་བྱས་ནས། བློ་གྲོས་ལ་བརྟེན་ནས་ཕུགས་འདུན་བསྙེགས་པའི་དཀའ་ཁག་དུ་མ་བསལ་ཡོད། འགྲན་རའི་ཕྱི་ནང་དུ་འགྲན་བརྩོན་བྱས་ནས། དཔའ་ངར་དང་ཡིད་ཆེས་ཆེན་པོ་ལས་ཀྲུང་གོའི་སྟོབས་ཤུགས་རབ་ཏུ་མངོན། གངས་ལྗོངས་ཀྱི་མཐའ་མཚམས་ལ་བརྟན་སྲུང་བྱས་ནས། བློ་སེམས་དཀར་མོས་ཀྲུང་ཧྭ་བདེ་ལ་འགོད་པ་རེད།རྒྱང་སྐྱོད་གསར་པའི་དུང་སྒྲ་བུད་ཟིན་བས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱིས་དཀའ་སྤྱད་སྡུག་རུས་བྱས་ནས་ལང་ཚོའི་གཟི་དཔལ་འབར་ཞིང་བརྗིད་ཉམས་དང་ཕུགས་འདུན་ངོམ་པའི་ལེ་ཚན་གསར་པ་སྐྲུན་བཞིན་མཆིས།
པེ་ཅིན་དགེ་འོས་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་འཆར་གཞིའི་གནས་གཏན་ལས་ཞུགས་དགེ་འོས་སློབ་མ་ལི་རའོ་ཡུང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ལ་ཤེས་རིག་ལྡན་པའི་དགེ་རྒན་བཟང་པོ། ཀུན་སྤྱོད་བཟང་པོས་དཔེ་སྟོན་བྱེད་དགོས་ཞེས་པའི་སློབ་གླིང་བསླབ་བྱ་ཡིད་ལ་བཟུང་དགོས་པའི་བཀའ་སློབ་གནང་བྱུང་། ཕུལ་བྱུང་དགེ་རྒན་འཆར་གཞིའི་སློབ་མ་ཁག་དང་པོ་ཡིན་པས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་ཡིད་ལ་བཟུང་ནས། དགེ་རྒན་བཟང་པོ་བྱས་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་དེ་རྒྱལ་ཁབ་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་ཚུད་པ་བྱ་རྒྱུ་ཡིན་ཞེས་བཤད།
མཁའ་འགྲུལ་བཟོ་ལས་ཧྲེང་ཧྥེ་ལའོ་དབྱང་ན་གཞོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཐེན་ཧྥང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོས་ཕུགས་འདུན་ཡོད་པ་དང་འགན་ཁུར་ཕོད་པ། སྡུག་རུས་ཐུབ་པ། འབད་བརྩོན་འགྱིད་པའི་དུས་རབས་གསར་པའི་ན་གཞོན་ཡག་པོ་ཞིག་བྱེད་དགོས་ཞེས་གསུངས་ཡོད། ལོ་གསར་པའི་ནང་དུ། ངས་ཚོགས་པ་སྣེ་ཁྲིད་དེ་དཀའ་སྤྱད་འགག་སྒྲོལ་བྱས་ནས། མཁའ་འགྲུལ་ཚན་རྩལ་ཐད་རང་ཚུགས་རང་དར་ཡོང་བར་དཀའ་སྤྱད་འབད་འབུངས་བྱེད་པ་ཡིན་ཞེས་བཤད།
བོད་ལྗོངས་དམག་ཁུལ་གྱི་མཐོ་སྒང་མཐའ་སྲུང་དཔེ་བཟང་རུ་ཤོག་གི་བརྒྱ་དཔོན་ཕན་ཧོང་ཧྲོན་གྱིས། དཔྱིད་གསར་གུང་གསེང་ལ། ང་ཚོས་ཆ་སྙོམས་མཚོ་འཕགས་སྨི་ལྔ་སྟོང་ཆིག་བརྒྱ་ཡོད་པའི་གངས་ཅན་མཐོ་སྒང་བརྟན་སྲུང་བྱེད་བཞིན་ཡོད། དུས་རབས་གསར་པའི་ན་གཞོན་དཔོན་དམག་ཡིན་པས། ང་ཚོས་དེད་དཔོན་གྱི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། གངས་ཅན་མཐོ་སྒང་བརྟན་སྲུང་དང་། རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་ཡག་པོ་བསྒྲུབས་ནས། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་བགྲོད་ལམ་ཐོག་ལང་ཚོའི་ཕུགས་འདུན་འགྲུབ་པར་བྱེད་པ་ཡིན་ཞེས་ཟེར།
འཕྲིན་སྟེགས། weikangba