ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་ང་ཚོའི་ཁུལ་དུའང་ད་ཆ་ལྗོན་ཤིང་སྐྱེ་ཡོང་སྙམ་པ་བསམ་པའི་ཡུལ་དུ་མེད་ལོ་30ལ་སླེབས་པའི་བློ་བཟང་གིས་དྲོད་ཁང་ཆེ་མོའི་ནང་མཐོ་ཚད་སྨི་1ལྷག་ཙམ་ཡོད་པའི་རྒྱ་ལྗང་སྡོང་ཕྲུག་ལ་ཆུ་གཏོང་བཞིན་རྒྱ་ལྗང་དེ་དག་བཏབ་ནས་ལོ་གཉིས་ཀྱང་འགྲོ་ཡི་མེད། དྲོད་ཁང་ཕྱིར་བཏབ་ན་གསོན་མི་ཐུབ། ལོ་གཅིག་ནས་ཕྱིར་རྩྭ་སྤོས་རྒྱག་ཆོག་ཅེས་བརྗོད་བྱུང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་གྲོང་མི་བློ་བཟང་ན་ནིང་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱི་སྡོང་ཕྲུག་རྟེན་གཞིར་ལས་ཀར་བསྡུས་ཡོད།
མཚོ་བོད་ས་མཐོའི་ས་ཁུལ་མང་ཆེ་བའི་མཐོ་ཚད་སྨི་4000ལས་བརྒལ་བས་སའི་གོ་ལའི་སྣེ་གསུམ་པ་ཞེས་འབོད་ཅིང་། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“་་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བཅངས་ནས་བོད་ཀྱི་ས་གནས་ཁག་གིས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཆ་རྐྱེན་འཛོམས་པའི་རི་རྒོད་དང་ཐང་རྒོད་དུ་ཤིང་འཛུགས་ནགས་བཟོ་བྱས་པ་རེད།
རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡིན་པས། ལྗོན་ཤིང་སྐྱེ་བའི་དུས་འཁོར་ཟླ་བ་གསུམ་ལས་མེད་པ་དང་ས་ཆ་མང་ཆེ་བར་ལྗོན་ཤིང་གསོན་ཁག་པོ་ཡོད། ད་ཕན་ལོ་ཤས་རིང་བོད་ཀྱིས་ཚན་རྩལ་པུའུ་དང་མཉམ་དུ་ནག་ཆུར་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་འཛུགས་ཀྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་སྔོ་འགྱུར་བྱེད་ཐབས་ཀྱི་ཚོད་ལྟའི་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་མ་ཟད། སྣེ་འདྲེན་ཁེ་ལས་ཀྱིས་ཚན་ཞིབ་ཚན་པ་མང་པོ་དང་མཉམ་དུ་འགག་སྒྲོལ་བྱས་ཏེ་མཚོ་སྔོན་གྱི་གསོམ་ཤིང་དང་། མདོ་ལའི་ཤུག་པ། རྒྱ་ལྕང་སོགས་ལྗོན་ཤིང་སྣ་ཁ་8གྲུབ་འབྲས་ཐོབ་པའི་ངང་འདེམས་གསོ་བྱས་པ་དང་རིམ་རྩིས་བྱས་ན་ལྗོན་ཤིང་རྐང་ཁྲི་40ལྷག་ཙམ་བཏབ་པས་ལྗོན་ཤིང་རྐང་ཁྲི་30ལྷག་ཙམ་གསོན་ཡོད།
ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བཞིན་ཡོད་ལ། གཙོ་གནད་ས་ཁོངས་སུ་ནགས་སྲུང་མ་ལག་སོགས་འདུ་འགོད་འཛུགས་སྐྲུན་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་དུ་སྔོན་མ་ས་ཆ་བྱེ་འགྱུར་གྱི་གནས་ཚུལ་ཚབས་ལྕི་ཞིང་། དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་། མི་རིགས་ཁག་གི་མང་ཚོགས་ཚོས་ལོ་40ལྷག་ཙམ་འབད་བརྩོན་བྱས་ནས། གཙང་པོའི་ངོགས་སུ་རིམ་རྩིས་བྱས་ན་ལྗོན་ཤིང་རྐང་ཁྲི་4500ལྷག་ཙམ་བཏབ་ཡོད། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་རིང་ཚད་སྤྱི་ལེ་160དང་། ཞེང་ཚད་སྤྱི་ལེ་1.8 རྒྱ་ཁྱོན་མུའུ་ཁྲི་45ཙམ་ཡོད་པའི་འགོག་སྲུང་ནགས་ཁུལ་གྲུབ་ཡོད། 2022ལོར་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འདུ་འགོད་དངོས་སུ་ལག་བསྟར་བྱས་པའི་ནང་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་རྫོང(ཆུས)9དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)35ཚུད་ཡོད་ལ། འཆར་གཞི་ལྟར་ན་ལོ་བཅུའི་ནང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་200ཡན་བྱ་རྒྱུ་རེད།
རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། ད་ཕན་ལོ་ཤས་རིང་བོད་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ཡོད། བོད་ཤར་ལྷོར་ཆུ་རྩྭ་ཕུན་སུམ་ཚོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་སོགས་གཙང་པོ་རྒྱུག་ཁུལ་གཙོ་བོར་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ས་ཆུ་ཤོར་བ་འགོག་བཅོས་ཀྱི་ལས་དོན་སྤེལ་ཏེ་ཆུའི་ཐོན་ཁུངས་ཀྱི་གཅུན་འདོམས་ལམ་ལུགས་མགྱོགས་མྱུར་བཙུགས་ཡོད། བོད་བྱང་རྩ་ཐང་གི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་སྒྲིག་གཞིའི་ལམ་སྲོལ་གྱི་སྒྱུར་བཅོས་ཚོད་ལྟ་བྱས་ནས་དྲ་མིག་ཅན་གྱི་སྲུང་སྐྱོང་ཁྱབ་གདལ་བཏང་བ་དང་དོ་དམ་ས་ཚིགས་70ཙམ་བཙུགས་པ་མ་ཟད། ཞིང་འབྲོག་པ་800ཙམ་ལས་གྲུབ་པའི་ཆེད་ལས་དོ་དམ་སྲུང་སྐྱོང་རུ་ཁག་ཀྱང་བཙུགས་ཡོད།
མིག་སྔར། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་ཁག་47བཙུགས་ཡོད་པས་80%ཡན་གྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དཔེ་སྟོན་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། རང་སྐྱོང་ལྗོངས་ཡོངས་སུ་ད་ཆ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491ཡོད་ལ་ནགས་ཚལ་ཁྱབ་ཚད་ཀྱང་12.3%ཟིན་པ་དང་རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་ཡོད། གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་ཁ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་ཡོད།
འཕྲིན་སྟེགས། weikangba