སྨན་རྫུན་མ་བཟོས་པར་རྡུང་རྡེག་བཏང་བ།

2023-01-04
375
    མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ཡི་ཟས་རིགས་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱིས་ཉིན་ཤས་གོང་བརྡ་ཐོ་བཏང་དོན། རྒྱལ་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་སྤྱི་བདེ་མྱུལ་ཞིབ་སྡེ་ཚན་གྱིས་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་རྫས་དང་། ཞིབ་དཔྱད་ཚོད་ལྟ་དང་སྨན་རྫས། དེ་བཞིན་གསོ་རླུང་བཟོ་བྱེད་འཕྲུལ་འཁོར། ཁྲག་རླུང་དཔྱད་ཆས་སོགས་འབྲེལ་ཡོད་མཁོ་ཆས་ཐོན་སྐྱེད་དང་ཚོང་གཉེར་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་ཏན་ཏིག་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་ཧུར་ཐག་གཏོད་དགོས་པའི་བཀོད་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་ས་གནས་ཁག་གི་བཟའ་བཅའ་དང་སྨན་རྫས་སྤྱི་བདེ་མྱུལ་ཞིབ་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་བ། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ལ་བརྟེན་ནས་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་རྫས་དང་དེ་བཞིན་འབྲེལ་ཡོད་མཁོ་རྫས་རྫུན་བཟོ་རྫུན་འཚོང་དང་“འདྲ་བཟོ་”བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས། འཇིགས་ཤུགས་ནུས་ལྡན་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རིམས་ནད་དང་འབྲེལ་བའི་རྒྱུན་སྤྱོད་ཀྱི་སྨན་རྫས་དང་། ཞིབ་དཔྱད་ཚོད་རྫས། འབྲེལ་ཡོད་སྨན་བཅོས་ཡོ་བྱད། སྒྲིག་ཆས་བཅས་ལ་དམིགས་པ་དང་། ཐོན་སྐྱེད་དང་། སྡེབ་ཚོང་། སིལ་ཚོང་བཅས་ཀྱི་ལྷུ་ཚིགས་དང་དེ་བཞིན་དྲ་རྒྱའི་ཉོ་ཚོང་ཞབས་ཞུ་སོགས་ཕུང་གསུམ་པའི་ལས་སྟེགས་ལ་དམ་པོར་དམིགས་པ། གྱོད་གཞིའི་ཁུངས་སྣེ་གྲལ་བཤེར་གཏིང་ཟབ་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱེད་པ། འཕྲལ་མར་ལས་དོན་ཁྲོད་ཤེས་རྟོགས་དང་མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་གྱི་ཁུངས་སྣེར་ཞིབ་དཔྱད་བྱེད་པ་བཅས་བྱས་ནས་བྱས་ཉེས་བསགས་རིགས་ཁྲིམས་ལྟར་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་མཐའ་གཅིག་ཏུ་བྱེད་དགོས། ཁྲིམས་ལྟར་རྡུང་རྡེག་ནན་པོ་དང་མྱུལ་ཞིབ་དང་རྩད་གཅོད་མགྱོགས་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་ཉེས་གསོག་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བ་དང་ཐོན་མ་ཐག་རྡུང་རྡེག་གཏོང་དགོས་པ་མ་ཟད། བཙན་གནོན་གྱི་ཟིལ་ཤུགས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། ཚོགས་པའི་རང་བཞིན་དང་། མུ་འབྲེལ་རང་བཞིན། ས་ཁོངས་ལས་བརྒལ་བའི་གྱོད་གཞི་བཅས་ལ་ཆེད་དམིགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གྱོད་གཞི་གཅིག་སྡུད་ཐོག་རྩད་གཅོད་བྱེད་པའི་གནད་ཀ་སྒྲོལ་ནས་ཉེས་གསོག་དྲ་བ་གཏོར་བ་དང་ཁེ་ཕན་གྱི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་དགོས།

སྤྱི་བདེ་པུའི་བཀོད་པ་དང་བླང་བྱ་གཞིར་བཟུང་། རྒྱལ་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་སྤྱི་བདེ་མྱུལ་ཞིབ་སྡེ་ཚན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་སྔ་ཙམ་དང་ཆུང་ངུ་ནས་རྡུང་རྡེག་བཏང་སྟེ་ནད་ཡམས་དང་འབྲེལ་བ་ཡོད་པའི་སྨན་རྫས་དང་། ཞིབ་དཔྱད་ཚོད་ལྟ་དང་སྨན་རྫས། དེ་བཞིན་འབྲེལ་ཡོད་མཁོ་རྫས་བཅས་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ་རེད། ཉེ་ཆར་ཅི་ལིན་སྤྱི་བདེ་ལས་ཁུངས་ཀྱིས་“པུའུ་ལུའོ་ཧྥུན་”ཟེར་བའི་སྨན་རྫུན་མ་བཟོ་བ་དང་འཚོང་བའི་གྱོད་གཞི་ཞིག་རྩད་ཆོད་ནས་སྨན་རྫུན་མ་ཁྲོམ་རར་འདོན་རིགས་དུས་ཐོག་ཏུ་བཀག་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་ལ་ལེན་ནུས་ལྡན་བྱས་པ་རེད།

  • 顶 0