རྔུབ་འཐེན་ཏོག་གསར་འགོག་སྨན་ཐོག་མ་ཐོན་པ།

2022-12-08
467

༄༅།།རྔུབ་འཐེན་ཏོག་གསར་འགོག་སྨན་ཐོག་མ་ཐོན་པ།

   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། གསར་འགོད་པས་ཧྥུའུ་ཅན་ཞིང་ཆེན་ཚན་རྩལ་ཐིང་དང་ཞ་མོན་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་། ཐིང་དེས་རྣམ་གྲངས་བཙུགས་ནས་རྒྱབ་སྐྱོར་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་ཚན་ཞིབ་འགག་སྒྲོལ་གྲུབ་འབྲས་ཏེ། རྔུབ་འཐེན་ཏོག་གསར་གློ་ཚད་རིམས་འགོག་སྨན(གཤམ་ནས་བསྡུས་མིང་ལ་“རྔུབ་འཐེན་ཏོག་གསར་འགོག་སྨན”ཞེས་འབྲི་རྒྱུ) རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོས་འགོ་བཏོན་པ་བརྒྱུད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཛ་དྲག་ངང་བེད་སྤྱོད་གཏོང་རྒྱུར་རིགས་པས་ཁུངས་སྐྱེལ་ནས་ཆོག་མཆན་བཀོད་པ་རེད།

“རྔུབ་འཐེན་ཏོག་གསར་འགོག་སྨན”དེ་ཞ་མོན་སློབ་ཆེན་གྱིས་སྣེ་ཁྲིད་ནས། ཤང་ཀང་སློབ་ཆེན་དང་པེ་ཅིང་དབན་ཐའེ་སྐྱེ་དངོས་སྨན་རྫས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་ཞིབ་བཟོ་བྱས་པ་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་འཕྲལ་སྡོམ་འགག་སྒྲོལ་ལག་རྩལ་ཐབས་ལམ་5ཡི་གྲས་ཤིག་ཡིན་ལ། འཛམ་གླིང་ཐོག་ཆོག་མཆན་སྤྲད་ནས་ནད་ཐོག་སྨན་བཅོས་ཚོད་ལྟའི་ནང་ཞུགས་པའི“རྔུབ་འཐེན་ཏོག་གསར་འགོག་སྨན”ཐོག་མ་དེའང་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཆམ་རིམས་ནད་དུག་ལ་ཏོག་གསར་ནད་དུག(ལྷག་པར་དུ་ཨའོ་སྨི་ཁེ་རོང་གི་གཞན་འགྱུར་དུག་སྡོང)དང་ཚད་མཐོའི་རིམ་བརྩེགས་བྱས་པ་དང་། སྣ་ཁུང་བརྒྱུད་དབུགས་ལམ་ཡོངས་ཀྱི་ཚོར་སླའི་ཕྲ་ཕུང་གཤགས་ལས་ཁྱབ་པའི་ཁྱད་ཆོས་ལྡན་ཡོད་པ་རེད། འགོག་སྨན་དེ་ནི་སྣ་ཁུང་དུ་སྨན་ཆུ་གཏོར་བའི་བྱེད་ཐབས་ལ་བརྟེན་པ་ཞིག་ཡིན་པ་དང་། དེས་དབུགས་ལམ་དུ་ཏོག་གསར་ནད་དུག་གི་གནོད་འཚེ་སྔོན་འགོག་བྱེད་པའི་རིམས་འགོག་སྲུང་ཡོལ་དང་པོ་དེ་ཆགས་ནས། མགྱོགས་མྱུར་ཕན་འབྲས་ཐོན་པ་དང་ཡུན་རིང་སྲུང་སྐྱོང་བྱ་ཐུབ། ཨའོ་སྨི་ཁེ་རུང་ཚུད་པའི་གློ་བུར་དུ་འགྱུར་ལྡོག་བྱུང་བའི་དུག་སྡོང་སྣ་ཚོགས་ལ་མངོན་གསལ་དོད་པའི་སྤྱི་འགྲོའི་འགོག་སྲུང་གི་ལེགས་ཆ་ལྡན་ཡོད་པ་རེད།

“རྔུབ་འཐེན་ཏོག་གསར་འགོག་སྨན”དེ་ནི་ལོ་18དང་དེའི་ཡན་གྱི་མི་ཚོགས་ལ་སྤྱོད་ཆོག་ཅིང་། དེའི་ནང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མཁན་གྱི་མི་ཚོགས་དང་། དེ་བཞིན་དེ་སྔ་སྨན་ཁབ་དང་པོ་དང་། གཉིས་པ། ཡང་ན་གསུམ་པ་བཅས་བརྒྱབ་ཟིན་པའི“ཏོག་གསར་འགོག་སྨན”གཞན་བརྒྱབ་པའི་མི་ཚོགས་ལ་གཟའ་འཁོར་0དང་2ཀྱི་བརྒྱུད་རིམ་ལྟར་ཐེངས་གཉིས་སྤྱད་ཆོག

  • 顶 0