སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡིས་རྒྱལ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་།

2022-10-24
273

 

 ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་།  ཀྲའོ་ལེ་ཅེ། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཀྱིས་སྤྱི་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཅར་འདྲི་ཞུ་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་བརྩེ་བས་མཇལ་འཕྲད་གནང་བ་རེད། 

   མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་ཀུན་ལ་སྤྲོ་བས་རྣམ་པར་ཁེངས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དྲུག་བརྒྱ་ལྷག་འདི་རུ་འཛོམས་ནས། འཛམ་གླིང་ཡོངས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཐེངས་དང་པོར་མཉམ་དུ་ཐུག་འཕྲད་གནང་ཚུལ་སྒྲོག་གཏོང་བྱས་པ་རེད།  ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔའི་ཐོག ཞི་ཅིན་ཕིང་སོགས་དགའ་བསུའི་ཐལ་སྒྲས་ཁེངས་པའི་ཚོམས་ཆེན་ནང་ཕེབས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་གསར་འགོད་པ་ཚོ་ལ་ཕྱག་གཡུག་བཞིན་གུས་བཀུར་ཞུས་པ་རེད།

  ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པ་སུན་ཡཱ་ལི་ཡིས་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

དུས་མཉམ།  ལྕམ་མོ་རྣམ་པ་དང་སྐུ་ཞབས་རྣམ་པ། བློ་མཐུན་ཚོ། གྲོགས་པོ་ཚོ། ཚང་མ་སྐུ་ཁམས་བཟང་། འདི་རུ་གསར་འགོད་པའི་གྲོགས་པོ་རྣམས་མཇལ་རྒྱུ་བྱུང་བས་རང་ཉིད་སེམས་པ་ཤིན་ཏུ་དགའ་བྱུང་།  ཁ་སང་། གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། འདི་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་པ། མཐུན་སྒྲིལ་འབད་འབུངས་ཀྱི་ཚོགས་ཆེན་ཤིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་མང་པོའི་སྲིད་ཏང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་གང་མང་སྤྲིངས་པ་རེད། དེའི་ནང་ཕལ་ཆེ་བར་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་འགོ་འཛིན། སྲིད་ཏང་དང་རྩ་འཛུགས་ལས་ཁུངས་གལ་ཆེན་གྱི་འགོ་ཁྲིད་ཀྱིས་སྤྲིངས་པ་རེད། ངས་འདི་ནས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ། ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུ་བ་ཡིན། 

  གོང་ནས་ང་ཚོས་ཀྲུང་གུང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་ཡོད་པར་མ་ཟད། ངས་མུ་མཐུད་དེ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བར་བདམས་ཡོད། གཤམ་ནས་ངས་ཚང་མར་རྒྱུན་ཨུ་གཞན་པ་དྲུག་མཚམས་སྦྱོར་ཞིག་བྱེད། བློ་མཐུན་ལི་ཆང་དང་བློ་མཐུན་ཀྲའོ་ལེ་ཅི། བློ་མཐུན་ཝང་ཧུའུ་ཉིང་། བློ་མཐུན་ཚའེ་ཆི། བློ་མཐུན་ཏིང་ཞའོ་ཞང་། བློ་མཐུན་ལི་ཞི་བཅས་རེད། ཁོང་ཚོ་དྲུག་པོའི་ནང་ནས་བློ་མཐུན་ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་རྣམ་གཉིས་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རེད། བློ་མཐུན་གཞན་པ་རྣམས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡིན་པས། ཚང་མར་རྒྱུས་མངའ་ཡོད་རྒྱུ་རེད། འདི་ནས་ངས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་ཚབ་བྱས་ནས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ཡིད་ཆེས་བྱེད་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས་པ་ཡིན། ང་ཚོས་ཏང་གི་ངོ་བོ་དང་དམིགས་འབེན་ངེས་པར་དུ་སེམས་ལ་བཅངས་ནས། རང་ཉིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ལས་གནས་བརྟན་སྲུང་། ལས་ཀར་ཧུར་བརྩོན་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་ལོ་ངོ་བརྒྱ་ཐམ་པ་དང་པོའི་འབད་བརྩོན་དམིགས་འབེན་གྲུབ་ཡོད། ད་ལྟར་ང་ཚོས་བློ་སྤོབས་ཆེན་མོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་གསར་པར་སྐྱོད་ཅིང་། ལོ་ངོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་དེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བྱེད་བཞིན་ཡོད།

  རྒྱང་སྐྱོད་གསར་པའི་ཐོག་ང་ཚོར་་དུས་དང་རྣམ་པ་ཀུན་ཏུ་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལྡན་དགོས་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ལས། ཀྲུང་ཧྭ་མི་རིགས་ཀྱི་རེ་སྨོན་དང་རེ་སྒུག་མཚོན་ཡོད་ལ། ཀྲུང་གོའི་མི་དམངས་ཀྱི་འབད་བརྩོན་དང་རྔུལ་ཆུ་འདུས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོར་ལག་ལེན་འཚོལ་ཞིབ་ཁྲོད་ཐོབ་པའི་གྲུབ་འབྲས་ཡིན་པར་མ་ཟད། རླབས་ཆེ་ཞིང་དཀའ་ཁག་ཆེ་བའི་བྱ་གཞག་ཞིག་ཀྱང་རེད། ལས་འགན་ཧ་ཅང་ལྕི་བས་དེ་རླབས་ཆེན་ཡིན་ལ། དཀའ་ཚེགས་ཤིན་ཏུ་ཆེ་བས་དེ་སྔར་ལས་གཟི་བརྗིད་ཆེ། བྱ་གཞག་འདིའི་ཆེད་དུ་སྔོན་རབས་པ་རྣམས་ཀྱིས་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་གསོད་ཅིང་། དཀའ་སྤྱད་སྡུག་རུས་ཚད་མེད་མཛད་ཡོད་པས། ང་ཚོས་ནམ་ཡང་ཁོང་ཚོའི་ཚེ་སྲོག་བློས་གཏོང་དང་བྱས་རྗེས་བཅས་རྡོ་ལ་རི་མོ་བརྐོས་བཞིན་བརྗེད་མི་སྲིད། ང་ཚོས་དཀའ་སྤྱད་སྡུག་རུས་དང་འགན་འཁྲི་ཕྲག་ཏུ་ཁུར་ནས། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དྲག་པོར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྒྱུན་མ་ཆད་པར་བརྩམས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་འབད་འབུངས་བྱེད་དགོས།

  རྒྱང་སྐྱོད་གསར་པའི་ཐོག  ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་དགོས། སྔོན་ནས་ད་བར་དུ། ང་ཚོས་མི་དམངས་ལ་ཡང་དག་བརྟེན་ནས་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཆོག་པའི་བྱ་གཞག་མང་པོ་བསྒྲུབས་ཡོད། མ་འོངས་པར། ང་ཚོས་མུ་མཐུད་དུ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་དགོས། ལམ་བུ་ཀྱག་ཀྱོག་རིང་ནའང་། མུས་སུ་བསྐྱོད་ན་སླེབས་སྲིད་ལ། མདུན་སྐྱོད་གྱི་ལམ་བུའི་ཐོག་འཇིགས་སུ་རུང་བའི་དཀའ་སྡུག་ཅི་དང་འཕྲད་རུང་། མི་དམངས་མང་ཚོགས་ནི་ནམ་ཡང་ང་ཚོའི་རྒྱབ་བརྟེན་དང་སྟོབས་ཉམས་སྐྱེད་ས་ཡིན་པས་། ང་ཚོས་ནམ་ཡང་མི་དམངས་དང་དཀའ་སྡུག་མཉམ་མྱོང་དང་། མི་དམངས་དང་གཅིག་སེམས་གཅིག་མཐུན་བྱེད་ཅིང་། བསམ་སྦྱོར་གང་ལའང་མི་དམངས་ཀྱི་སེམས་འདུན་ལ་གཞིགས་ནས། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་བྱེད་དགོས།

  རྒྱང་སྐྱོད་གསར་པའི་ཐོག  ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་རང་ངོས་ནས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། དཀའ་སྡུག་ཚད་མེད་མྱངས་ཤིང་ཐོག་མའི་སེམས་འདུན་མི་འགྱུར་བའི་ཏང་ཞིག་ཡིན་ན། ད་གཟོད་དུས་དང་རྣམ་པ་ཀུན་ཏུ་གཞི་རྩའི་བྱ་གཞག་དར་ཞིང་རྒྱས་ཐུབ་ལ། གཟི་བྱིན་བླ་ན་འབར་བའི་ལོ་རྒྱུས་གཏོད་ཅིང་རང་ངོས་ནས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ན། ད་གཟོད་ཟློག་ཐབ་མེད་པའི་བྱ་བ་གང་ཡང་མེད། ལོ་བརྒྱའི་རིང་དཀའ་སྤྱད་སྡུག་རུས་དང་ཞུན་བརྡར་གང་མང་བྱས་ཤིང་། ཁྱད་པར་དུ་དུས་རབས་གསར་པའི་ལོ་བཅུའི་གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་དུ། ཀྲུང་གོ་གུང་ཁྲན་ཏང་ལ་སྔར་ལས་སྟོབས་ཤུགས་ལྡན་ཞིང་སྔར་ལས་གསོན་ཉམས་ལྡན། རྒྱང་སྐྱོད་གསར་པའི་ཐོག་འགྲན་སློང་གསར་པ་དང་ཉམས་སད་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་དང་། དུས་ནམ་ཡང་འགན་སྒྲུབ་རྒྱུགས་སྤྲོད་ལ་རིག་ལམ་གསལ་ཞིང་གཟབ་ནན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱས་ནས། ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་ཁྲོད་གསོན་ཤུགས་འདོན་པ་དང་། ནམ་ཡང་ཀྲུང་གོ་མི་དམངས་ཀྱི་ཡིད་རྟོན་རུང་བ་དང་རྟེན་ས་གཙོ་བོར་འགྱུར་དགོས།

  རྒྱང་སྐྱོད་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས། མིག་སྔར་འཛམ་གླིང་ལ་སྔར་བྱུང་མ་མྱངས་པའི་འགྲན་སློང་དང་འཕྲད་ཡོད། ང་ཚོས་ནམ་ཡང་མིའི་རིགས་ཀྱི་མདུན་ལམ་ལས་དབང་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཁོང་དུ་ཆུད་པ་དང་ཐག་གཅོད་དགོས་པ་འདོན་བཞིན་ཡོད། དགེ་མཚན་ལྡན་པའི་ལས་ཀ་མཉམ་དུ་བསྒྲུབས་ན། རྒྱལ་ཁབ་ཁག་ཕན་ཚུན་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཁེ། འཛམ་གླིང་གི་མ་འོངས་པའི་བདེ་སྐྱིད་བསྐྲུན་ཐུབ། ང་ཚོས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ་དང་དྲང་བདེན། དམངས་གཙོ་དང་རང་དབང་ལྡན་པའི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པར་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་དགོས། 

   ཀྲུང་གོ་འཕེལ་རྒྱས་བྱུང་བར་འཛམ་གླིང་དང་ཁ་བྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་འགྲོ་བ་ལའང་ཀྲུང་གོ་མཁོ་ངེས་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ནས། དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་གཉིས་བསྐྲུན་ཡོད། དེང་སང་ཀྲུང་གོའི་དཔལ་འབྱོར་གྱི་ཐེག་ཤུགས་ཆེ་བ་དང་གཏིང་ཤུགས་ཆེ་བ། གོ་སྐབས་ཆེན་པོ་ཡོད་པས།   དུས་ཡུན་རིང་པོའི་ནང་ཡག་ཕྱོགས་ཀྱི་གཞི་རྩའི་ཆ་ལ་འགྱུར་བ་མེད། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་མཐོའི་འཕེལ་རྒྱས་གཏོང་བ་དང་། རང་ཉིད་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གང་མང་སྐྲུན་དགོས། ལྕམ་མོ་རྣམ་པ་དང་སྐུ་ཞབས་རྣམ་པ། རྒྱང་སྐྱོད་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་ལྡན་པའི་རྒྱང་སྐྱོད་ཅིག་ཡིན། འཆར་གཞིའི་རི་མོ་ཡོངས་སུ་་བཀོད་ཅིང་མདུན་སྐྱོད་ཀྱི་དུང་སྒྲ་བཀྲོལ་ཚར། ང་ཚོས་འབད་པ་ལྷོད་མེད་དང་དཀའ་སྤྱད་སྡུག་རུས་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་སྐྲུན་དགོས་ཞེས་གསུངས་པ་རེད།

  མཐའ་མར་ཞི་ཅིན་ཕིང་གིས་ཉིན་ཁ་ཤས་ནང་དུ་གསར་འགོད་པ་རྣམས་ཀྱིས་ཚོགས་ཆེན་ཁྱོན་ཡོངས་ནས་སྒྲོག་གཏོང་བྱས་ཡོད། འཛམ་གླིང་ལ་ཀྲུང་གོའི་སྐད་སྒྲ་བསྒྲགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལངས་ཕྱོགས་བསྟན་ཡོད་པས། འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་ལ་དོ་སྣང་བྱེད་པ་རེད། ཁྱོད་ཚོས་དཀའ་ལས་བརྒྱབ་པར་བཀའ་དྲིན་ཆེ། ཚང་མར་དཀའ་ལས་ཆེ་ཐལ། ཚང་མས་ཀྲུང་གོའི་ས་གནས་སོ་སོར་ལྟ་སར་ཕེབས་པར་དགའ་བསུ་ཡོད། འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་ཇི་མ་ཇི་བཞིན་བརྗོད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་མོ་བརྗོད་པ། ང་ཚོར་འཕྲད་བཞིན་པའི་དུས་རབས་གསར་པའི་གཏམ་རྒྱུད་ཡག་མོ་བརྗོད་པའི་རེ་བ་ཡོད་ཅེས་གསུངས།

  ཆུ་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་ཐོག ཐུག་འཕྲད་ཚོགས་འདུ་མཇུག་བསྒྲིལ་ཞིང་། ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཕྱི་ནང་གི་གསར་འགོད་པར་ཕྱག་གཡུག་གནང་བཞིན་ཞལ་གྱེས་བྱས། ཚོགས་རའི་ནང་དུ་ཚང་མས་ཐལ་མོ་རྡེབ་བཞིན་དགའ་བསུ་ཆེན་པོ་ཞུས་པ་རེད། ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་། ཞིན་ཧྭ་དྲྭ་བ་ཡིས་ཡུལ་དངོས་ནས་ཐད་གཏོང་བྱས་ཡོད།


  • 顶 0