ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

2022-10-19
6487

ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་སེམས་ཤུགས་གཅིག་ཏུ་གཏད་ཅིང་ངར་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་རྒྱང་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བཤད། 

འདི་ནི་ཟླ10པའི་ཚེས17ཉིན་བློ་མཐུན་ཞི་ཅིན་ཕིང་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པའི་ཚུལ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པས་གྲོས་བསྡུར་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་ལ། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པ་དང་བགྲོད་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། འདས་པའི་ལོ5ཡི་ལས་དོན་དང་དུས་རབས་གསར་པའི་ལོ10ཡི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་བརྟན་པོར་ཆུད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པ། རང་ཉིད་གསར་བརྗེ་རླབས་ཆེན་གྱིས་སྤྱི་ཚོགས་གསར་བརྗེ་རླབས་ཆེན་ལ་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག“སྲ་ཞིང་འཁྲེགས་པའི་ངར་ལྕགས”ལྟར་མཐུན་སྒྲིལ་བྱས་ནས། སེམས་ཤུགས་གཅིག་ཏུ་གཏད་ཅིང་ངར་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་རྒྱང་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 

འདི་ནི་ཟླ10པའི་ཚེས17ཉིན་བློ་མཐུན་ཞི་ཅིན་ཕིང་ཚོགས་ཆེན་ཉི་ཤུ་པའི་ཀོང་ཞི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པའི་ཚུལ་རེད། 

ཀོང་ཞི་འཐུས་མི་ཚོགས་པའི་ལིའུ་ཉིང་དང་། ལན་ཐེན་ལི། ཀྲོའུ་ཅ་པིན། ཀྲུའུ་ཞུའེ་ལན། ཀྲིན་ཀྲི་མིང་སོགས་འཐུས་མི5ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་ཞུ་ལ་བསམ་འཆར་བཏོན། ཁོ་ཚོས་སོ་སོར་ཧུར་ཐག་སྒོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཞིའི་ལེའུ་རྩོམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀུའེ་ལིན་གྱི་རི་ཆུར་སྲུང་སྐྱོང་ཡག་པོ་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱུན་ཆད་མེད་པར་རང་བརྟེན་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནི་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འགྱུར་ལྡོག་གི་མཐོ་ས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་གྱི་ལོ5དང་དེ་བས་ཡུན་རིང་བོར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་།  སྲིད་ཇུས་བྱེད་ཕྱོགས་ལ་ཇུས་འགོད་བྱས་པ་དང་། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། དེ་ནི་ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པར་འདོད་ལ། ཀུན་གྱིས་མགྲིན་གཅིག་ཏུ་སྙན་ཞུ་འདིར་བརྩི་བཀུར་ཞུ་རྒྱུ་ཞེས་བསྟན།

ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་གྲོས་བསྡུར་གཏིང་ཟབ་གནང་ཞིང་ཡུལ་དངོས་ཀྱི་རྣམ་པར་སྤྲོ་དགས་བརྟས་ཡོད། འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་ཀོང་ཞི་འཐུས་མི་ཚོགས་པའི་འཐུས་མིའི་ངོས་ནས་གྲོས་བསྡུར་ལ་ཞུགས་པར་ཧ་ཅང་དགའ་པོ་བྱུང་། དེར་མ་ཟད་འདིར་བཞུགས་པའི་འཐུས་མི་རྣམས་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ཁྲི250ལྷག་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི5700ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་། ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་འདེད་དང་“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་རང་བཞིན་གྱི་རིམས་ནད་བསྣོལ་མར་གནས་པའི་ཉམས་སད་དྲག་པོའི་འོག ཁྱོན་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་བླངས་ནས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་དང་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ལ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཞིང་མི་དམངས་ཀྱི་འཚོ་བ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ཏང་གཟབ་ནན་གྱིས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས་བཅས་བྱུང་བས། ཀུའེ་ལིན་གྱི་ས་གཞི་ཆེན་མོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་ཡོད། གྲུབ་འབྲས་དེ་དག་གིས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་མེས་རྒྱལ་ལྷོ་རྒྱུད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་མཚོན་ལ། དེ་ནི་རང་རྒྱལ་གྱི་དུས་རབས་གསར་པའི་ལོ10ནང་གི་རླབས་ཆེན་འཕོ་འགྱུར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ5དང་དུས་རབས་གསར་པའི་ལོ10ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་མ་ཡིན་པ་དང་ཐུན་མོང་མ་ཡིན་པ་ཞིག་ཡིན། ལས་གང་ཞིག་མ་བརྒྱུད་ན་དཀའ་ངལ་མི་ཤེས་ཏེ་སླ་བར་འདོད་ཀྱང་དཀའ་བས་མི་ལོངས། ལོ10པོ་འདིའི་རིང་། ན་འདམ་བརྒལ་འདྲའི་ཉེན་ཁ་དང་། ལ་མོ་བརྒྱབ་འདྲའི་ངལ་བ། འགག་སྒོ་བརྒལ་འདྲའི་དཀའ་བ་སོགས་བརྒྱུད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་ལ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་བྱ་བའི་བཀོད་སྒྲིག་ནི་རྦད་དེ་ཡང་དག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་དོན་དངོས་དང་མཐུན་ལ། ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཡིན་པས། བགྲོད་ལམ་འདིར་བསྐྱོད་ན་འགྲིག་ཅིང་བསྐྱོད་ཐུབ་པ་མ་ཟད། བསྐྱོད་ན་བརྟན་བརླིང་དང་ཡག་པོ་ཡོང་བ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། ང་ཚོས་ལོ་རྒྱུས་ཀྱི་ཡིད་ཆེས་སྲ་བརྟན་དང་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་བཏང་ནས་རྒྱུགས་སྤྲོད་པའི་བགྲོད་ལམ་ཐོག་ལོ་རྒྱུས་དང་མི་དམངས་ལ་ཕུལ་བྱུང་གི་རྒྱུགས་ཤོག་གསར་པ་ཞིག་དབུལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། ཡིད་ཆེས་དང་རང་ཚུགས་མཐའ་འཁྱོངས། གཞུང་དྲང་དང་གསར་གཏོད་མཐའ་འཁྱོངས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། གནམ་འོག་བློ་ལ་འཆང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།  དོན་ཚན6པོ་འདིར་སློབ་སྦྱོང་དང་ལག་ལེན་ཁྲོད་གོ་བ་ནན་ཏན་བླངས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གནས་ལུགས་དང་ཆོས་ཉིད། གཏན་ཚིགས་ལ་གོ་བ་ཟབ་མོ་ལེན་པ་དང་། གཏམ་གོ་དགོས་པ་མ་ཟད་དོན་ཡང་རྟོགས་དགོས་ལ། ཕྱི་ཚུལ་ཙམ་མ་ཟད་རྒྱུ་མཚན་ཡང་ཤེས་པར་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པར་སླེབས་པ་ནས་བཟུང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་དང་། འཐབ་ཇུས་མུ་མཐུད་དུ་བྱང་ཆུབ་པ། ལག་ལེན་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས། བདེ་བླག་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐུལ་འདེད་དང་རྒྱ་བསྐྱེད་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ཡིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་རྒྱས་བཤད་བྱས་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དེ་ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པས་ཀྲུང་གོའི་དོན་དངོས་དང་མཐུན་པ་ཡིན། ང་ཚོས་ཐོག་མཐའ་ཀུན་ཏུ་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་ཚུགས་སར་འཇོག་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་སྟེ། ཡིད་ཆེས་བརྟན་པོ་དང་བདེན་སྲུང་གསར་གཏོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེ་ཚན་གསར་པ་འབད་བརྩོན་གྱིས་རྩོམ་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ལོ་མང་དཀའ་སྤྱད་འབད་བརྩོན་བྱེད་པའི་གཏན་ཚུགས་ལ་བརྟེན་ནས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་བཏང་སྟེ། “མི་ཁྲི་འབུམ་ལ་ཕོག་ཐུག་བཏང་ཡང་མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་བའི”ལས་འགན་ཕྲག་ཏུ་འཁུར་ནས། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ་རང་ཉིད་གསར་བརྗེ་ཡིམཉམ་སྡེབ་བྱེད་ཐབསཞིག་སྤྱད་ཡོད། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་ནམ་ཡང་ལམ་དུ་ཡོད་ལ། ཏང་གི་རང་ངོས་གསར་བརྗེ་དེའང་ནམ་ཡང་ལམ་དུ་ཡོད། ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་ཚོན་མདོག་མི་ཉམས་པ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་བྱས་ནས། ཏང་ཐོག་མཐའ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ལེན་ཐུབ་ལ་འབད་འཐབ་བྱས་ན་གཞི་ནས་ལེགས་འགྲུབ་འབྱུང་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དབུལ་ཐར་འཁྲེགས་གཏོར་དང་། འབྱོར་འབྲིང་འཛུགས་སྐྲུན། རིམས་ནད་འགོག་སྡོམ། གནོད་ཆེན་འགོག་སྲུང་། འགྱུར་ལྡོག་བབ་བསྟུན་དང་ཉམས་ཉེན་སེལ་སྒྲོལ་བཅས་ཀྱིས་འགྲུབ་པར་དཀའ་བའི་འགག་ཆེན་རེ་རེ་གཏོར་ནས། གཞན་ལ་ཧ་ལས་པའི་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་བཏོད་ཡོད། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་དུང་བརྫེས་ནས་ལས་ལ་འབུངས་ཏེ། གོམ་པ་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དེ་རེད། 

ཞི་ཅིན་ཕིང་གིས་ཀོང་ཞི་ཡི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་བས་ཆེ་བ་འཇོག་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པར་ཚད་བརྒལ་སྔར་བས་ཆེ་བ་ཐོན་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་བས་ཆེ་བའི་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་བ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བར་ཕན་འབྲས་སྔར་བས་ཆེ་བ་ཐོབ་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཀོང་ཞི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་རེ་བ་བཏོན། །



  • 顶