མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉས་ཡེ་མིན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོའི་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་མ་ཐུབ་པར་ཡིད་ཕངས་པའི་ཚུལ་བསྟན།

2022-10-05
1115

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཀི་ལུན་ཏི་པེ་ལེ་ཡིས་ཚེས་གཉིས་ཉིན་ཡེ་མིན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོའི་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་མ་ཐུབ་པར་ཡིད་ཕངས་པའི་ཚུལ་བསྟན་པར་མ་ཟད། ཕྱོགས་སོ་སོས་གྲོས་ཆོད་འགོད་པར་ཧུར་ཐག་གིས་ཁ་ལབ་བྱ་རྒྱུ་ཡིན་ཞེས་བཤད།

  ཀི་ལུན་ཏི་པེ་ལེ་ཡིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ད་ལོའི་ཟླ་བཞི་པ་ནས་བཟུང་དམག་འཁྲུག་རྒྱག་མཚམས་འཇོག་མགོ་བརྩམས་པ་དེས་ཡེ་མིན་ལ་ལོ་རྒྱུས་ཀྱི་གོ་སྐབས་སྤྲད་ཡོད་ལ། འདས་པའི་ཟླ་དྲུག་རིང་བླངས་པའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། ཁོས་ཚེས་གཅིག་ཉིན་ཡེ་མིན་གྱི་ཕྱོགས་སོ་སོར་དམག་འཁྲུག་རྒྱག་མཚམས་འཇོག་པའི་དུས་ཚོད་ཟླ་དྲུག་ལ་བསྲིང་རྒྱུའི་གྲོས་གཞི་ཞིག་སྤྲད་པ་ཡིན་ཟེར། ཁོས་ཡེ་མིན་གྱི་ཕྱོགས་སོ་སོའི་བར་གྲོས་ཆོད་དེ་འགོད་མ་ཐུབ་པར་ཡིད་ཕངས་པའི་ཚུལ་བསྟན་པ་དང་། དུས་ཡུན་སྔར་ལས་རིང་བ་དང་སྔར་ལས་ཕྱོགས་ཡོངས་ཀྱི་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ཀྱིས་ཡེ་མིན་མི་དམངས་ལ་གལ་འགངས་ཧ་ཅང་ཆེ་བའི་ཁེ་ཕན་བསྐྲུན་ངེས་ཞེས་བཤད།

  ཀི་ལུན་ཏི་པེ་ལེ་ཡིས་ཡེ་མིན་སྲིད་གཞུང་གིས་དམག་འཁྲུག་རྒྱག་མཚམས་འཇོག་ཡུན་ཇེ་རིང་དུ་གཏོང་བའི་གྲོས་གཞི་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ཡེ་མིན་གྱི་ཕྱོགས་སོ་སོར་མཉམ་ལས་བྱས་ཏེ། ཐག་གཅོད་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད།

  ཡེ་མིན་གྱི་ཕྱི་འབྲེལ་དཔོན་པོ་ཨེ་ཧ་མའེ་ཏི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་པ་ལྟར་ན། ཡེ་མིན་སྲིད་གཞུང་གིས་ཀི་ལུན་ཏི་པེ་ལེ་ལ་དངོས་སུ་འཕྲིན་ལན་བསྐུར་ནས་དམག་འཁྲུག་རྒྱག་མཚམས་འཇོག་ཡུན་ཇེ་རིང་དུ་གཏོང་བར་འཐད་པ་ཡིན་པའི་ཚུལ་བསྟན་ཡོད་ཟེར། ཨེ་ཧ་མའེ་ཏི་ཡིས་བཤད་རྒྱུར། གྲོས་གཞིའི་ཁྲོད་དུ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཏོན་པའི་ཆ་རྐྱེན་གལ་ཆེན་འགའ་ཡོད་ལ། དེའི་ནང་དུ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་སའི་སྤྱི་ཞབས་པར་ཟླ་ཕོགས་སྟེར་བ་དང་། སཱ་ན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་གནམ་གྲུའི་ལམ་ཐིག་རྒྱ་བསྐྱེད་པ་དང་གནམ་གྲུའི་གྲངས་ཀ་ཇེ་མང་དུ་གཏོང་བ་སོགས་འདུ་ཟེར།

  ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་མགྲིན་ཚབ་པ་སཱ་ལེ་ཡ་ཡིས་ཚེས་གཉིས་ཉིན་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། དམག་འཁྲུག་རྒྱག་མཚམས་འཇོག་ཡུན་ཇེ་རིང་དུ་གཏོང་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་མ་ཐོབ་པ་དང་། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་དམག་དང་ཁོ་ཚོས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་སྲིད་གཞུང་གིས་མིག་སྔའི་གནས་བབ་དེར་ཡོངས་སུ་འགན་ཁུར་དགོས་ཟེར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཕྱོགས་ཀྱིས་ཀྱང་གྲོས་གཞི་ཆེས་གསར་པ་དེའི་ནང་ཁོ་ཚོས་སེམས་ཁུར་བྱེད་པའི་གནད་དོན་ཐད་དམ་བཅའ་གསལ་བོ་ཞིག་བཞག་མེད་ཟེར།

  ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཡེ་མིན་གྱི་རྒྱལ་ས་སཱ་ན་འཕྲོག་པ་དང་། དེའི་རྗེས་སུ་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་དབང་དུ་བཟུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་བཙུགས་ཏེ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ཡེ་མིན་སྲིད་གཞུང་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་དམག་འཁྲུག་རྒྱག་མཚམས་འཇོག་པ་དང་བཟུང་དམག་བརྗེ་རེས་བྱེད་པ་སོགས་ཐད་ནས་གྲོས་མཐུན་བྱུང་། ཡིན་ནའང་ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་ཕ་རོལ་བས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ལ་རྒྱབ་འགལ་བྱས་སོང་ཞེས་ཕན་ཚུན་ལ་སྐྱོན་འཛུགས་བྱས།

  ད་ལྟའི་ཡེ་མིན་གྱི་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་དེ་ད་ལོའི་ཟླ་བཞི་པའི་ཚེས་གཉིས་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་ལག་བསྟར་བྱེད་ཡུན་ཟླ་གཉིས་རེད། དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ཀྱི་དུས་ཡུན་ལོངས་རྗེས་ཐེངས་གཉིས་ལ་རིང་དུ་བསྲིངས་ནས། ཟླ་བཅུ་པའི་ཚེས་གཉིས་བར་དུ་བསྲིངས་པ་རེད།


  • 顶 0