ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་རྫས་ཅུའུ་ཡི་ས་གཤིས་རུ་ཆེན་དྲུག་པའི་ས་གཤིས་ལས་བཟོ་པ་ཡོངས་ལ་ཡིག་ལན་བསྐུར་ནས་སྐུལ་ལྕག་གནང་།

2022-10-05
837

  ཟླ་བཅུ་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་རྫས་ཅུའུ་ཡི་ས་གཤིས་རུ་ཆེན་དྲུག་པའི་ས་གཤིས་ལས་བཟོ་པ་ཡོངས་ལ་ཡིག་ལན་བསྐུར་ཏེ། ཁོ་ཚོར་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་གཏེར་ཁ་རྩད་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རེ་བ་ནནམོ་བཏོན།

  ཞི་ཅིན་ཕིང་གིས་ཡིག་ལན་ནང་རུ་ཁག་བཙུགས་པ་ནས་བཟུང་། ཁྱོད་ཚོའི་མི་རབས་ནས་མི་རབས་བར་གྱི་རུ་མི་རྣམས་ཀྱིས། དཀའ་བའི་ལ་མོ་བརྒལ་བ་དང་མཁྲེགས་གཏོར་དཀའ་སེལ་བྱས་ནས། གཏེར་འཚོལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། རང་རྒྱལ་གྱི་ས་གཤིས་ལས་བཟོ་པའི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་གསུངས།

  ཞི་ཅིན་ཕིང་གིས་གཏེར་ཁའི་ཐོན་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱ་རྒྱུ་དེ་རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བློ་མཐུན་ཚོས་རྒྱལ་གཅེས་དང་བྱས་རྗེས་འཇོག་པ། གསར་གཏོད་གསར་སྐྲུན། དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འབད་པས་ལག་བསྟར་བྱེད་རྒྱུ་དང་། །རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རེས་སྐོར་གསར་པའི་གཏེར་འཚོལ་ཐོད་བརྒལ་འཐབ་ཇུས་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ཁུངས་བདེ་འཇགས་འགན་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་བཞག་ནས།  དཔའ་བོའི་ས་གཤིས་རུ་ཁག་གི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་གསུངས།

  ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུའུ་ཡི་ས་གཤིས་རུ་ཆེན་དྲུག་པ་གཅིག་དགུ་ང་བརྒྱད་ལོར་བཙུགས་པ་དང་། གཅིག་དགུ་གོ་གཉིས་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱས་རྗེས་གཟེངས་ཐོན་གྱི་སྒོ་ནས་སྒེར་སེམས་མེད་པར་བྱས་རྗེས་འཇོག་མཁན་དཔའ་བོའི་ས་གཤིས་རུ་ཁག་གི་གཟི་བརྗིད་མཚན་སྙན་གནང་། རུ་ཆེན་དྲུག་པ་དངོས་སུ་བཙུགས་པ་ནས་བཟུང་། རུ་ཁག་དེས་གསེར་སོགས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་ཐད་ཐོད་བརྒལ་བྱེད་ཕོད་པར་བྱས་ནས། བསྡོམས་རྩིས་བྱས་ན་གསེར་གྱི་ཐོན་ཁུངས་ཏུན་སྟོང་གཉིས་བརྒྱད་བརྒྱ་དང་བཅུ་ལྷག་ཙམ་རྩད་བཅད་པ་དེ་ནི། རྒྱལ་ཡོངས་ནས་བཤད་ན་གསེར་བཙལ་མང་ཤོས་ཀྱི་ས་གཤིས་རུ་ཁག་ཅིག་ཏུ་གྱུར་ཡོད། ཉེ་ལམ། ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་རྫས་ཅུའུ་ཡི་ས་གཤིས་རུ་ཆེན་དྲུག་པའི་ས་གཤིས་ལས་བཟོ་པ་ཡོངས་ཀྱིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་ནས། གཏེར་ཁ་རྩད་ཞིབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྙན་ཞུར་ཕུལ་ནས། ས་གཤིས་བྱ་གཞག་ལ་ནུས་ཤུགས་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ཁུངས་བདེ་འཇགས་འགན་ལེན་བྱ་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས།


  • 顶 0