ཞི་ཅིན་ཕིང་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་དབུ་གཙོའི་ཐུག་འཕྲད་ཚོགས་འདུ་ཐེངས་དྲུག་པར་ཞུགས་པ།

2022-09-17
1198

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མའར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལུ་སུའུ་ཧི་རྣམ་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་དབུ་གཙོའི་ཐུག་འཕྲད་ཚོགས་འདུ་ཐེངས་དྲུག་པར་ཞུགས།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མའར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལུ་སུའུ་ཧི་རྣམ་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་དབུ་གཙོའི་ཐུག་འཕྲད་ཚོགས་འདུ་ཐེངས་དྲུག་པ་འཚོག་བཞིན་པའི་རྣམ་པ་རེད།

   ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་ནང་གནས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེན་པོ་ལྡན་ཞིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རུང་ཕྱོགས་གསུམ་པོའི་མཉམ་ལས་ཀྱི་གོམ་སྟབས་མཚམས་བཞག་མེད་པས་བླངས་ཟིན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཆོག་པས། ང་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་འཕྲལ་མར་ཕན་ཚུན་ལ་རིམས་འགོག་དངོས་ཟོག་སྐྱེལ་བ་དང་། རིམས་ནད་འགོག་པའི་ཉམས་མྱོང་མཉམ་རོལ་བྱས་སྟབས་རྒྱལ་ཁབ་གསུམ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཐུན་མོང་ཐོག་སྲུང་སྐྱོང་ཐོབ་པ་རེད། ང་ཚོས“སྤྲིན་ཐོག་བརྗེ་རེས”བྱས་ཤིང་འགྲོ་འོང་རྒྱུན་འཁྱོངས་བྱས་པས། དམངས་སེམས་དམ་འབྲེལ་དང་སྒྲོག་ཐག་སྔར་ལས་དམ་ཟབ་དུ་གྱུར་ཡོད། ང་ཚོས་མཐའ་མཚམས་ས་ཁུལ་དུ་མཉམ་འགོག་མཉམ་སྡོམ་གྱི་མཉམ་ལས་བྱ་བ་ཧུར་ཐག་སྒོས་སྒྲུབ་པ་དང་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་བས་རྒྱལ་ཁབ་གསུམ་ལ་བརྒྱུད་པའི་ཨེ་ཤེ་ཡའི་གཞུང་ལམ་དྲ་བའི་ཕན་འབྲས་མངོན་གསལ་ཐོན་ཡོད་ཅེས་བསྟན།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་མགོ་ཁག་བཞི་བཏོན་ཡོད་དེ། གཅིག་ནས་ཕྱོགས་གསུམ་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་ཚུན་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

  གཉིས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞི་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་མཉམ་ལས་སྟེགས་བུ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པའི་འཕར་སྣོན་ལས་སྟེགས་མཉམ་སྐྲུན་བྱེད་དགོས།

  གསུམ་ནས་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པར་ཐུན་མོང་གི་ངོས་འཛིན་བྱེད་པ་དང་རྒྱུན་ཆད་མེད་པར་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་ཚོང་དོན་དང་། མི་ཆོས་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གསུམ་པོའི་བཟོ་ཚོང་ལས་རིགས་ལ་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྤེལ་རེས་ཀྱི་ལས་སྟེགས་གཏོད་དགོས།

  བཞི་ནས་ཕྱོགས་གསུམ་གྱི་མཉམ་ལས་ལ་སྔར་ལས་གྲུབ་འབྲས་མང་པོ་ལོན་པར་སྐྱེད་སྲིང་བྱ་རྒྱུ་དང་། ཕན་ཚུན་བར་གྱི་ཚོང་དོན་རང་དངུལ་རྩིས་རྒྱག་པའི་གཞི་ཁྱོན་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཨུ་རུ་སུ་དང་མོང་གོལ་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་མང་པོས་མི་དམངས་ཤོག་སྒོར་བཀོལ་ནས་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་མ་ལག་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་མ་ཟད། ས་ཁུལ་གྱི་དངུལ་རྩའི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མའར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལུ་སུའུ་ཧི་རྣམ་གཉིས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་དབུ་གཙོའི་ཐུག་འཕྲད་ཚོགས་འདུ་ཐེངས་དྲུག་པ་འཚོག་བཞིན་པའི་རྣམ་པ་རེད།

  ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སུ་དང་ཀྲུང་གོ མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་ཕན་འབྲས་མངོན་གསལ་ཐོབ་ཅིང་། མངོན་གསལ་གྱི་ཕན་འབྲས་རང་བཞིན་ལྡན་སྟབས། ཕན་ཚུན་བར་གྱི་འཕེལ་རྒྱས་འབྲེལ་བ་ཇེ་བརྟན་དུ་བཏང་ཡོད། རྒྱལ་ཁབ་གསུམ་པོ་ཁྱིམ་མཚེས་ཡིན་པའི་ཆ་ནས་ཕན་ཚུན་ཤེས་རྟོགས་དང་རྒྱབ་སྐྱོར། ཁྱོན་ཡོངས་ནས་ཕྱོགས་གསུམ་གྱི་མཉམ་ལས་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་གསུམ་གྱི་ཁེ་ལས་པ་རྣམས་ཕན་ཚུན་བར་བརྗེ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པར་སྐུལ་ལྕག་བཏང་སྟེ། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན། རྒྱལ་མཚམས་བརྒལ་བའི་དངོས་ཟོག་སྐྱེལ་འདྲེན། མཐོ་གསར་ལག་རྩལ། ཡུལ་སྐོར། མི་ཆོས་སོགས་ཀྱི་མཉམ་ལས་ལ་དོན་དངོས་ཀྱི་འཕེལ་རྒྱས་གཏོང་དགོས།

  ཧུའུ་རི་ལུ་སུའུ་ཧི་ཡིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་རྣམ་གཉིས་དང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱ་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཁ་ཕྱོགས་གཙོ་བོ་ཡིན། མིག་སྔར་རྙོག་འཛིང་ཡིན་པའི་རྒྱལ་སྤྱིའི་གནས་བབ་འོག་མོང་གོལ་དང་ཀྲུང་གོ ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུ་བར་འབྲེལ་གཏུག་དམ་ཟབ་བྱས་ཏེ། ཕྱོགས་གཉིས་དང་ཕྱོགས་གསུམ་བར་གྱི་ཉོ་ཚོང་དང་མ་གཏོང་། ཁོར་ཡུག ནུས་ཁུངས། ལྕགས་ལམ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ལ་དོན་དངོས་ཀྱི་འཕེལ་རྒྱས་གཏོང་རྒྱུ་ཡིན། 

  ཕྱོགས་གསུམ་གྱིས《ཀྲུང་གོ་དང་མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད》ལོ5ལ་རྒྱུན་བསྲིང་རྒྱུ་གཏན་འཁེལ་བྱས་ཤིང་། ཀྲུང་གོ་དང་མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་ལྕགས་ལམ་རིམ་སྤར་བསྒྱུར་བཀོད་བྱེད་པ་དང་འཕེལ་རྒྱས་གཏོང་ཐུབ་མིན་གྱི་ཞིབ་འཇུག་བྱེད་མགོ་བརྩམས་པ་མ་ཟད། ཧུར་ཐག་སྒོས་ཀྲུང་གོ་དང་ཨུ་རུ་སུ་བར་གྱི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དེ་མོང་གོལ་རྒྱལ་ཁབ་བརྒྱུད་ནས་བསྐྲུན་པར་གྲོས་མོལ་མཛད། 

  ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་བཅས་ཐུག་འཕྲད་ནང་ཞུགས། །


  • 顶 0