ཞི་ཅིན་ཕིང་གིས་ཨ་སའེ་པའེ་ཅང་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལི་ཡའེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

2022-09-17
1065

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མ་ཨར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨ་སའེ་པའེ་ཅང་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལི་ཡའེ་ཧྥུའུ་ལ་ཐུག་འཕྲད་གནང་།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མ་ཨར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨ་སའེ་པའེ་ཅང་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལི་ཡའེ་ཧྥུའུ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

  ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་སའེ་པའེ་ཅང་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པའི་ལོ་ཡིན། ཀྲུང་གོས་ཨ་སའེ་པའེ་ཅང་མི་དམངས་ཀྱིས་རང་འདེམས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཆར་འགོད་བྱ་རྒྱུ་དང་འཐབ་ཇུས་ཀྱི་ཡིད་ཆེས་ལ་ཤུགས་བསྣན་རྒྱུ། ཕན་ཚུན་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཉིས་ཕན་མཉམ་ལས་གཏིང་ཟབ་དུ་གཏོང་རྒྱུ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་དང་གཏིང་ཟབ། དོན་དངོས་ཀྱི་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།  

  ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་པས་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་དོན་འཁྱོལ་དང་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཚོང་དོན་གྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་ཚོང་དོན་སྒྲིག་གཞི་ཇེ་ལེགས་སུ་གཏོང་རྒྱུ། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་བྱེད་ཚད་མང་དུ་བཏང་ནས་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ཤར་རྒྱུགས་ཡོང་ཐུབ་པ་བྱེད་དགོས། ཀྲུང་གོ་དང་ཨ་སའེ་པའེ་ཅང་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་བགྲོད་ལམ་སྔར་ལས་རྒྱ་ཆེ་ཞིང་ཁོད་ཡངས་བའི་ཡིད་ཆེས་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་རིག་གནས་བརྗེ་རེས་བྱེད་པར་ཤུགས་སྣོན་བརྒྱབ་ནས་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་ཨ་སའེ་པའེ་ཅང་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན།

པར་འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ9བའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མ་ཨར་ཧན་རྒྱལ་ཁབ་མགྲོན་ཁང་དུ་ཨ་སའེ་པའེ་ཅང་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལི་ཡའེ་ཧྥུའུ་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

  ཨ་ལི་ཡའེ་ཧྥུའུ་ཡིས། ཨ་ཀྲུང་གཉིས་ནི་འཐབ་ཇུས་ཀྱི་རོགས་ཟླ་ངོ་མ་ཡིན་པས་ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་ཟབ་མོ་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ཡོད། ཀྲུང་གོས་ཨ་སའེ་པའེ་ཅང་རྒྱལ་ཁབ་ལ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་མཚོན་ཡོད། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་ཨ་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པ་འདི་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་མགོར་རྒྱབ་སྐྱོར་བྱ་རྒྱུ་ལས་གཞན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧུར་ཐག་སྒོས“རྒྱུད་གཅིག་ལམ་གཅིག”གཏོད་འདོད་ཡོད་ཅེས་བསྟན།

  ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་བཅས་ཐུག་འཕྲད་ལ་ཞུགས། །


  • 顶 0