མདོ་ལ་རིང་མོའི་འདབས་རོལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་མཁན་གྱི“བུད་མེད་དམག་དཔུང་”།

2022-09-16
472

1.jpg

འདི་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ཆོས་དབྱིངས་ལུང་པའི་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་རྩྭ་ཐང་ནས་གད་སྙིགས་འཐུ་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྫོགས་ལྡན་གྱི་སྟོན་མགོའི་དུས་འདིར། མདོ་ལ་རིང་མོའི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན། སྤྲིན་པ་ལང་ལོང་གི་གསེབ་ཏུ་རི་བོར་རྔམ་བརྗིད་ལྡན་ཞིང་། སྤྲིན་གསེབ་ནས་འཕྲོས་པའི་ཉི་འོད་ཀྱིས་མཐའ་ཡས་པའི་རྩྭ་ཐང་འདིར་ལྷག་ཏུ་གསོན་ཤུགས་ཤིག་བསྣན་ཡོད། ཆོས་དབྱིངས་ལུང་པའི་དོ་དམ་སྲུང་སྐྱོང་ས་ཚིགས་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཨ་རིག་ཤང་རི་ཤུལ་སྡེ་བའི་རྩྭ་ཐང་དུ་གནས་ཤིང་། དེ་ནི་ཆི་ལེན་རྫོང་མཁར་དང་བར་ཐག་སྤྱི་ལེ12ཡོད་པ་དང་ཆ་སྙོམས་ཀྱི་ས་བབ་སྨི3100ཡོད།

2.jpg

སྐོར་སྲུང་བྱེད་པའི་ལམ་བར་དུ་སྐྱེ་ཁམས་བདག་སྐྱོང་བས་སྐྱེ་དངོས་ཀྱི་བརྙན་པར་དཔྱད་གཞི་འབྲི་བཞིན་པའི་ཚུལ། 

ཆོས་དབྱིངས་ལུང་ཤུར་དོ་དམ་སྲུང་སྐྱོང་ས་ཚིགས་སུ་བུད་མེད་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ32ལས་གྲུབ་པའི་སྐོར་སྲུང་རུ་ཁག་ཅིག་བཙུགས་ཡོད་པ་དང་། ཁོ་མོ་ཚོར་སྐྱེ་ཁམས་དོ་དམ་སྲུང་མཁན་གྱི“བུད་མེད་དམག་དཔུང”ཅེས་མིང་བཏགས་ཡོད། བུད་མེད་དོ་དམ་སྲུང་སྐྱོང་རུ་ཁག་དེའི་ཁོངས་མི་ཚང་མ་ཉེ་འགྲམ་གྱི་འབྲོག་པ་ཡིན་པ་དང་ལོ་ན་ཆེ་ཤོས་ལོ45དང་ཆུང་ཤོས་ལོ21རེད། དུས་རྒྱུན་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ནགས་ཤིང་གི་ནད་འབུའི་གནོད་འཚེ་འགོག་བཅོས། དུད་ཚང་དུ་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་ལས་ཀའི་འགན་འཁུར་གྱིན་ཡོད།

3.jpg

འདི་ནི་བདེ་སྐྱིད་བཟང་མོས་དོ་དམ་ས་ཚིགས་ཀྱི་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་པའི་ཚུལ་རེད།

ད་ལོ་ལོ27ལ་སླེབས་པའི་བདེ་སྐྱིད་བཟང་མོ་ནི“བུད་མེད་དམག་དཔུང”གི་ཁོངས་མི་ཞིག་ཡིན། ཆོས་དབྱིངས་ལུང་ཤུར་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་གཉིས་སོང་རིང་། ཁོ་མོས་རུ་མི་ཚོ་དང་མཉམ་དུ་ཆ་རྒྱུས་ཡོད་པའི་ས་གཞི་དེར་ཚད་འཇལ་བྱས་ཏེ། ལྷག་བསམ་རྣམ་ཁག་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་ཚོགས་ལ་བདག་སྐྱོང་བྱེད་བཞིན་ཡོད། ལས་ཀའི་ཁྲོད་ཀྱི་བདེ་སྐྱིད་བཟང་མོས་རྟག་ཏུ་པར་ཆས་ཤིག་འཁུར་ནས་རྐང་ཐང་དུ་ཡར་མར་བསྐྱོད་ཞོར། སྐོར་སྲུང་ཁྲོད་ཀྱི་བརྙན་པར་དཔྱད་གཞི་ཟིན་ཐོར་འགོད་ཀྱིན་ཡོད། དུས་རྒྱུན་སྐོར་སྲུང་བྱེད་པ་ཕུད། བདེ་སྐྱིད་བཟང་མོས་ད་དུང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་གྲངས་གཞི་བསྡུ་རུབ་དང་ཡིག་ཆ་ལེགས་སྒྲིག གསར་འགྱུར་མདོར་བསྡུས་གོང་ཞུ་སོགས་ཀྱི་ལས་ཀའི་འགན་འཁུར་ཡོད།

4.jpg

འདི་ནི་བདེ་སྐྱིད་བཟང་མོས་ལས་ཀའི་གནས་ཚུལ་མདོར་བསྡུས་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།

“དེ་སྔོན་ང་ལ་གློག་ཀླད་བཀོལ་སྤྱོད་ཐད་རྒྱུས་མངའ་དེ་ཙམ་མེད།  ཕྱིས་སུ་ལས་ཀའི་དགོས་མཁོའི་དབང་གིས་ངས་དྲ་ཐོག་ནས་སློབ་ཁྲིད་བཙལ་ནས་རིམ་པ་བཞིན་རང་སྦྱོང་བྱས་རྗེས་དཔྱད་གཞི་རྒྱུ་ཆ་འབྲི་ཤེས་པ་མ་ཟད། པར་རྒྱག་དང་བརྙན་རིས་དྲས་སྒྲིག་གི་གཞི་རྩའི་ནུས་པའང་ཁོང་དུ་ཆུད་ཡོད།”བདེ་སྐྱིད་བཟང་མོར་མཚོན་ནས་བཤད་ན། བདག་སྐྱོངས་ཚིགས་སུ་ལས་ཀ་བྱེད་རིང་ཁོ་མོར་གྲུབ་འབྲས་མང་པོ་ཐོབ་པ་མ་ཟད། འཚར་ལོངས་ཀྱང་ཆེན་པོ་བྱུང་ཡོད།

5.jpg

འདི་ནི་བདེ་སྐྱིད་བཟང་མོས་ལས་ཀའི་དཔྱད་གཞི་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།

6.jpg

འདི་ནི་བདེ་སྐྱིད་བཟང་མོས་གསར་འགོད་པར་དགུན་དུས་སྐོར་སྲུང་ཁྲོད་པར་བླངས་པའི་ལས་ཀའི་པར་རིས་འགྲེམས་སྟོན་བྱེད་པའི་ཚུལ་རེད།

7.jpg

འདི་ནི་བདེ་སྐྱིད་བཟང་མོ་དང་རུ་མི་ཚོ་སྦག་སྦག་འཁོར་ལོར་ཞོན་ནས་སྐོར་སྲུང་ལ་གྲ་སྒྲིག་བྱེད་པའི་ཚུལ་རེད།

ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རི་ཀླུང་ཀུན་ཏུ་བསྐོར་ཞིབ་བྱེད་པ་དང་ཞག་སྡོད་བྱེད་པ་བཅས་ནི་སྐྱེ་ཁམས་བདག་སྐྱོང་བའི་ལས་ཀའི་རྒྱུན་རྣམ་ཞིག་རེད། ཞོགས་པའི་ཆུ་ཚོད་བརྒྱད་དགུ་ནས་ལམ་ལ་ཆས་ཏེ་དགོང་མོའི་ཆུ་ཚོད་ལྔ་དྲུག་ཙམ་ལ་ཕྱིར་ལོག་གིན་ཡོད་པ་དང་། སྐོར་སྲུང་ཐེངས་རེར་ལམ་ཐག་སྤྱི་ལེ་བཅུ་ལྷག་ཙམ་ཡོད། གཞུང་ལམ་གྱི་གནས་ཚུལ་ཅུང་ཡག་པའི་ས་ཆར་སྦག་སྦག་བཞོན་ཆོག་པའམ་ཡང་ན་རྟ་བཞོན་ཆོག་པ་དང་། འགྲོ་དཀའ་བའི་ས་ཆར་རྐང་ཐང་དུ་སྐྱོད་དགོས་པ་ཡིན། ཁོ་མོ་ཚོ་མི་ཚང་མའི་སྐོར་སྲུང་རྒྱབ་ཁུག་ནང་བཟའ་ཆས་དང་བཏུང་ཆུ་འཁུར་ཡོད་པ་དང་། བཟའ་འཐུང་བྱེད་སྐབས་ཚང་མ་དེ་གའི་རྩྭ་ཐང་དུ་བསྡད་ནས་ངལ་གསོ་རྒྱག་པ་དང་ཟ་མ་བཟས་ཟིན་རྗེས་མུ་མཐུད་དུ་ལམ་དུ་བསྐྱོད་པ་ཡིན།

8.jpg

འདི་ནི་བདེ་སྐྱིད་བཟང་མོ་དང་རུ་མི་ཚོ་སྦག་སྦག་འཁོར་ལོར་བཞོན་ནས་སྐོར་སྲུང་བྱེད་པར་བསྐྱོད་པའི་ཚུལ་རེད།

9.jpg

འདི་ནི་ལས་ཀའི་ཞོར་དུ་བདེ་སྐྱིད་བཟང་མོས་བུ་མོ་དང་མཉམ་དུ་རྩྭ་ཐང་དུ་རྩེད་མོ་རྩེ་བའི་ཚུལ་རེད།

འཚོ་བའི་ཁྲོད་དུ་བདེ་སྐྱིད་བཟང་མོ་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་ཞིང་། དབྱར་གསེང་སྐབས་སུ་བདེ་སྐྱིད་བཟང་མོས་ཀྱང་སྐབས་རེར་ལོ3ལ་སོན་པའི་བུ་མོ་འཁྲིད་དེ་མཉམ་དུ་སྐོར་གཡེང་ལ་འགྲོ་བཞིན་ཡོད། མོའི་བསམ་པར་ཕྲུ་གུ་ཁྲིད་དེ་སྐོར་ཞིབ་དུ་སོང་ན། བུ་མོ་དང་འདུག་རོགས་བྱེད་པའི་དུས་ཡུན་ཇེ་མང་དུ་འགྲོ་ཐུབ་པ་མ་ཟད། བུ་མོ་འཚར་ལོངས་ཡོང་བར་ཡང་ཕན་ཐོགས་ཆེན་པོ་ཡོད། “གངས་རི་དང་རྩྭ་ཐང་གི་ཕང་བ་རུ། བྱིས་པས་རང་བྱུང་ཁམས་ལ་ཅི་འདོད་དུ་རོལ་མྱོང་བྱས་ན། གཤིས་རྒྱུད་ཡང་ཡག་པོ་ཞིག་ཡོང་ཐུབ་པ་ཡིན། ཉིན་རེར་ང་ཚོའི་ལས་དོན་ལ་རྒྱུས་ལོན་བྱས་ཚེ། བྱིས་པར་ཆུང་དུས་ནས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྐྱེ་སྲིད”ཟེར།

10.jpg

འདི་ནི་བདེ་སྐྱིད་བཟང་མོ་དང་བུ་མོས་རྩྭ་ཐང་དུ་འཆམ་འཆམ་བྱེད་པའི་ཚུལ་རེད།

11.jpg

འདི་ནི་སྐོར་སྲུང་ལས་དོན་མཇུག་འགྲིལ་རྗེས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་ཚོ་རྩྭ་ཐང་དུ་བསྡད་ནས་སྐད་གསང་མཐོན་པོས་གླུ་དབྱངས་ལེན་པའི་ཚུལ་རེད།

ཉིན་མ་རེ་རེར་སྐོར་གཡེང་བྱེད་པར་རྒྱུན་དུ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ལ། དཀའ་སྤྱད་སྡུག་རུས་ལ་བརྩོན་ཞིང་གཅེས་པར་འོས་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་འདི་དག་ནི། མཐོ་སྒང་གི་ཡང་རྩེར་བཞད་པའི་སྐལ་བཟང་མེ་ཏོག་ལྟར་སྲ་ཞིང་བརྟན་པའི་བློ་སྟོབས་ལྡན་ཡོད།

12.jpg

འདི་ནི་བདེ་སྐྱིད་བཟང་མོས་གསར་འགོད་པར་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱས་པའི་གནས་ཚུལ་འགྲེམ་སྟོན་བྱེད་པའི་ཚུལ་རེད།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན། དེར་བརྟེན་དུད་ཚང་དུ་བསྐྱོད་ནས་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དེའང་ང་ཚོའི་ལས་དོན་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན།”ཁོ་མོ་ཚོས་བསམ་ཚུལ་ལ། རྒྱུན་གཏན་གྱི་སྐོར་སྲུང་ལས་དོན་ཡག་པོ་བསྒྲུབ་པ་ད་རུང་ཞན་ཆ་མང་པོ་ཡོད་པས། མི་ཚང་མ་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་ཚེ་གཞི་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་ཡག་པོ་བྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་ཐུན་མོང་གི་འབད་བརྩོན་འོག ས་གནས་དེ་གའི་འབྲོག་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་མདོ་ལ་རི་བོའང་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད། །

13.jpg

འདི་ནི་ལས་ཀའི་ཞོར་དུ་སྐྱེ་ཁམས་བདག་སྐྱོང་པས་མུ་མཐུད་དུ་སྲིད་ཇུས་ཤེས་བྱར་སློབ་སྦྱོང་བྱས་ནས་དུས་ཐོག་ཏུ“གསོ་སྦྱོང”བྱེད་པའི་ཚུལ་རེད། 


  • 顶 0