ཞི་ཅིན་ཕིང་གིས་ཨུ་ཙེ་པེ་ཁེ་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ།

2022-09-15
790

  ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་9པའི་ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ས་མར་ཧན་དུ་ཕེབས་འབྱོར་ཟིན་པ་དང་། ཨུ་ཙེ་པེ་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་འཛིན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས་པ་རེད།

  ཨུ་ཙེ་པེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུ་དང་། སྲིད་གཞུང་གི་ཙུང་ལི་ཨ་ལི་པོ་ཧྥུ། ཕྱི་འབྲེལ་དཔོན་ནུའོ་ལུའོ་ཧྥུ། ས་མར་ཧན་མངའ་སྡེའི་འགོ་འཛིན་ཐུའར་ཅི་མོ་ཧྥུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད།

  སྨིར་ཅི་ཡུའེ་ཡེ་ཧྥུས་གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསུ་བ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད། ཀྲུང་གོ་དང་ཨུ་ཙེ་པེ་ཁེ་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བརྒྱ་ཙམ་ལྷབ་ལྷུབ་ཏུ་གཡོ་ཞིང་། སྨི་བརྒྱ་ལྷག་ཙམ་གྱི་ས་གདན་གྱི་གཞོགས་གཉིས་སུ་གུས་ལུགས་དམག་འགྱིང་ངེར་ལངས་ཡོད། རྒྱལ་ཁབ་གཉིས་པོའི་འགོ་གཙོ་ཨུ་ཙེ་པེ་ཁེ་སི་ཐན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟིགས་སྟེགས་ཐོག་ཕེབས་ཡོད།   ཨུ་ཙེ་པེ་ཁེ་སི་ཐན་གྱི་སྲོལ་རྒྱུན་སྒྲ་དུང་རོལ་ཆ་རིང་པོ་འབུད་ནས་མགྲོན་བསུའི་དབྱངས་རྟ་དཀྲོལ་བ་དང་། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གིས་མི་རིགས་ཀྱི་ཁྱད་ལྡན་གྱོན་གོས་ལེགས་པར་གྱོན་ནས་གླུ་ལེན་གར་འཁྲབ་བྱས་ཏེ་གུས་ཤིང་བརྩེ་བའི་ཐག་རིང་གི་སྐུ་མགྲོན་ལ་བསུ་བ་ཞུས་ཡོད།

  ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས།  ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཨུ་ཙེ་པེ་ཁེ་སི་ཐན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་། སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད། ཀྲུང་ཨུའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་མགྱོགས་པོ་འགྲོ་བའི་དུས་རིམ་ལ་སླེབས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་ཐུབ་པ་མ་ཟད།  ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་མ་ཐེབས་ཡོད། ང་རང་གིས་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དེ་བཞིན་ཕྱོགས་གཉིས་ཀས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ། ཐུན་མོང་ཐོག་ཀྲུང་ཨུའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་འཆར་འགོད་འདིང་རྒྱུ་ཡིན། ང་རང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་མར་ཧན་དབུ་ཚོགས་ལ་ཞུགས་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ། ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་བཏང་ཐོག གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་འཛུགས་འདི་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་འདུག 

  སྨིར་ཅི་ཡུའེ་ཡེ་ཧྥུས་ཞི་ཅིན་ཕིང་ལ་ཕྱག་རོགས་གནང་ནས་གནམ་ཐང་གི་སྐུ་མགྲོན་ཐོག་ཁང་བརྒྱུད་དེ་ཕེབས་པ་རེད། གློག་རྡུལ་བརྙན་ངོས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་པར་ཆེན་པོ་ཞིག་མངོན་པ་དང་། ཆབས་ཅིག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཡི་གེའི་ཐོག་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སྐུ་ཞབས་ཞི་ཅིན་ཕིང་ཨུ་ཙེ་པེ་ཁེ་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་ཞེས་བྲིས་ཡོད་པ་རེད། 

  ཞི་ཅིན་ཕིང་དང་སྨིར་ཅི་ཡུའེ་ཡེ་ཧྥུ་རྣམ་གཉིས་རླངས་འཁོར་ལ་ཞུགས་ས་ནས་ཞལ་གྱེས་པ་དང་། ཉིན་གཉིས་པར་དངོས་གཞིའི་མཇལ་མོལ་གནང་ནས་ཀྲུང་ཨུའི་མཛའ་བཤེས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུའི་ཞལ་ཆད་གནང་ཡོད།

  ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཕེབས་རོགས་གནང་མཁན་མི་སྣ་ཡང་གནམ་གྲུ་གཅིག་ནང་ཕེབས་འབྱོར་བྱུང་ཡོད་པ་རེད། 

ཨུ་ཙེ་པེ་ཁེ་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཡན་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད། 


  • 顶 0