
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་9པའི་ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནུའར་སུའུ་ཏན་དུ་ཕེབས་འབྱོར་ཟིན་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁེ་ཡེ་ཧྥུས་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཐེ་ལེ་ཝུའུ་པེའར་ཅི་དང་ནུའར་སུའུ་ཏན་གྲོང་ཁྱེར་གྱི་གྲོང་སྤྱི་ཁུའུ་ལི་ཅི་ནུའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་འཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། གུས་ལུགས་དམག་70ལྷག་ཙམ་གྱིས་གཞོགས་གཉིས་ནས་གུས་འདུད་ཞུས་པ་དང་དམག་མིའི་རོལ་ཆ་ཚོགས་པས་མགྲོན་བསུའི་དུང་བརྡ་འབུད་ཡོད། གཟབ་མཆོར་ལེགས་པར་སྤྲས་པའི་ཧ་སག་སི་ཐན་གྱི་གཞོན་ནུ་མ་གཉིས་ཀྱིས་ལག་ཏུ་མེ་ཏོག་སོས་པ་འཁྱེར་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཧ་སག་སི་ཐན་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འབྲེལ་བའི་ལས་དབང་གཅིག་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད། འཚམས་འདྲི་བྱེད་རིང་། ངས་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་བྱས་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་ངེས་ཡིན་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་གསུངས་གནང་ཡོད།
ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་ཞུ་མཁན་མི་སྣ་གནམ་གྲུ་གཅིག་གི་ནང་བཞུགས་ནས་ཕེབས་འབྱོར་ཟིན་ཡོད་པ་རེད།
ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཞའོ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
སྟོན་ཟླ་འབྲིང་བའི་དུས་ཀྱི་ནུའར་སུའུ་ཏན་དུ་སྟོན་རླུང་བསིལ་བུར་ལྡང་ཞིང་། སྤྲིན་པའི་ཚོམ་བུ་ནམ་མཁའི་མཐོངས་སུ་ཅི་དགར་རྒྱུ་བཞིན་མཆིས། གཞུང་ལམ་གཡས་གཡོན་གྱི་དར་ཤིང་སྟེང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ཞི་ཅིན་ཕིང་བཞུགས་པའི་རྒྱལ་མགྲོན་རླངས་འཁོར་རུ་ཁག་རུ་ཁག་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་ཙུང་ཐུང་ལས་ཤག་ཏུ་འབྱོར་ཞིང་། ཙུང་ཐུང་ཐོ་ཁ་ཡེ་ཧྥུས་རླངས་འཁོར་ལས་འབབ་སར་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་ཙུང་ཐུང་ལས་ཤག་གི་ཚོམས་ཆེན་དུ་ཕེབས་ཡོད།
ཙུང་ཐུང་ལས་ཤག་གི་ཚོམས་ཆེན་བརྗིད་ཉམས་ཆེ་ལ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། གུས་དམག་དཔའ་ཉམས་རྒྱས་པའི་ངང་ཀྲོང་ངེར་ལངས་ཡོད།
ཐུའོ་ཁ་ཡེ་ཧྥུས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། ཐོ་ཁ་ཡེ་ཧྥུའི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
ཕེབས་བསུའི་མཛད་སྒོ་མཇུག་འགྲིལ་རྗེས། ཐུའོ་ཁ་ཡེ་ཧྥུས་ཞི་ཅིན་ཕིང་གདན་དྲངས་ནས་ཧ་སག་སི་ཐན་དང་ཀྲུང་གོའི་ལོ་ངོ་སྟོང་གི་གླེང་མོལ་གྱི་སྒྱུ་རྩལ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་ཐོག་ཧ་སག་སི་ཐན་རྒྱལ་ཁབ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་གྱི་རྩ་ཆེའི་དངོས་པོ་བཤམས་སྟོན་བྱས་ཡོད་པ་རེད། སྤུས་ཀ་ལེགས་པའི་ཀྲུང་གོའི་རི་མོ་དང་། དཀར་ཡོལ། དེ་བཞིན་ཧ་སག་སི་ཐན་གྱི་དར་གོས་དང་རྫ་ཆས་ཀྱི་ཐོན་རྫས་དག་ནི་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་འོད་སྟོང་འཕྲོ་བའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མི་རབས་ནས་མི་རབས་བར་མཛའ་གྲོགས་འགྲོ་འོང་བྱེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཀྱང་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དངོས་གཞིའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། གྲུབ་འབྲས་དེ་བས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་གཞན་གྱི་སྔོན་ལ་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། གཞན་གྱི་སྔོན་ལ་ས་མཚམས་ལས་བརྒལ་བའི་སྣུམ་རླངས་མདོང་ལམ་བཏིང་བ། གཞན་གྱི་སྔོན་ལ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱས་པ། གཞན་གྱི་སྔོན་ལ་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་བཅས་བྱས་ནས“ཨང་དང་པོ”མང་པོ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་དབར་འབྲེལ་བ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་སྒྱུར་བཅོས་བྱ་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཧ་སག་སི་ཐན་གྱིས་ཡིད་ཆེས་བྱེད་འོས་པ་དང་རྒྱབ་རྟེན་བཅོལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་རྒྱབ་རྟེན་བརྟན་པོ་བྱས་ནས་ཕན་ཚུན་གྱི་འཕེལ་རྒྱས་དང་དར་རྒྱས་ལ་འདེགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ནི་འགྱུར་མེད་སྲ་བརྟན་ཡིན་པས། འཛམ་གླིང་གི་དགེ་མཚན་ལྡན་པའི་སྟོབས་ཤུགས་དང་ཡར་ཐོན་སྟོབས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་ཡང་ཕན་པ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་ཙུང་ལིའི་དུས་བཀག་གྲོས་མོལ་དང་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ལྷན་སོགས་ད་ཡོད་ཀྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་གཞི་ཁྱོན་དང་ཆུ་ཚད་གསར་རྐྱང་ཞིག་ཏུ་སླེབས་པ་བྱ་དགོས། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་། ཐོན་ནུས། མཉམ་འབྲེལ་མཉམ་མཐུད། རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། གྲངས་གཞི་ཆེ་མོ་དང་། མིས་བཟོས་རིག་ནུས། གྲངས་འཛིན་དངུལ་རྩ། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན། སྦགས་མེད་ནུས་རྒྱུ། ལྗང་མདོག་རྨང་གཞིའི་འཛུགས་སྐྲུན་སོགས་གསར་གཏོད་མཉམ་ལས་རྒྱ་ཆེར་གཏོང་དགོས། དམངས་སེམས་གཅིག་མཐུན་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་དང་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཧ་སག་སི་ཐན་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་། གནད་དོན་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་འོས་འཚམ་གཅོག་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱས་ཏེ་ས་ཁུལ་འདི་རང་གི་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་། ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུ། “ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”སོགས་ཕྱོགས་མང་ལམ་སྲོལ་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ས་མར་ཧན་དབུ་ཚོགས་ཡག་པོ་གཉེར་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ། སྒྲིག་འཛུགས་དེའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་ཆེད་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་བ་རེད།
ཐུའོ་ཁ་ཡེ་ཧྥུས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་ཐོབ་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཐུའོ་ཁ་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྱི་འཚམས་འདྲི་ཐེངས་དང་པོ་དེ་ཧ་སག་སི་ཐན་ལ་ཕེབས་རྒྱུ་བདམས་གནང་བ་མ་ཟད། ཧ་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བ་དང་ཡང་ཏག་ཏག་འཁེལ་བར་བརྟེན། དེ་ལས་ཧ་ཀྲུང་དབར་གྱི་ཚད་མཐོའི་ཕན་ཚུན་ཡིད་ཆེས་དང་ཧ་ཀྲུང་དབར་གྱི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་མངོན་ཡོད། ང་ཚོས་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་འགོད་རྒྱུ་དང་། དེའི་ཐོག་ནས་ཕྱོགས་གཉིས་པོས་ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ་30གཏོད་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་རྒྱུ་མཚོན་ཡོད། དེར་མིག་སྔའི་ཟང་ཟིང་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེ་ཧ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་དང་སྒུལ་ཤུགས་གསར་པ་སྣོན་ངེས་ཡིན་པའི་ཡིད་ཆེས་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། གནས་ཚུལ་གང་རུང་ཞིག་གི་འོག་ཏུ་ཡིན་རུང་ཀྲུང་གོས་བློ་གཏད་བཅོལ་ཆོག་པའི་རོགས་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་བྱ་རྒྱུ་ཡིན། སང་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10འཁོར་བའི་ལོ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ཧ་སག་སི་ཐན་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་དབར་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། བཟོ་སྐྲུན་ལས་རིགས། ཚན་རྩལ། ཡུལ་སྐོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་ཡག་པོ་བྱས་ནས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་། ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུ། “ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”སོགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་གནང་ནས། ཀྲུང་ཧའི་དབར་མི་རབས་ནས་མི་རབས་བར་མཛའ་གྲོགས་དང་། ཚད་མཐོའི་ཡིད་ཆེས། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དམིགས་ཚད་དང་ཕུགས་འདུན་གཏོད་ཆེད་འབད་བརྩོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་དཔལ་འབྱོར་ཉོ་ཚོང་དང་། མཉམ་འབྲེལ་མཉམ་མཐུད། དངུལ་རྩ། ཆུ་བེད། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་ཞི་ཨན་དང་ཨ་ཁེ་ཐོ་པིའི་དབར་ཕན་ཚུན་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ཐུའོ་ཁ་ཡེ་ཧྥུས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་བསྒྲིལ་ཏེ་ཆེད་གཏོང་གནམ་གྲུར་བཞུགས་ནས་ནུའར་སུའུ་ཏན་ནས་ས་མར་ཧན་དུ་ཕེབས་པ་རེད། ཐུའོ་ཁ་ཡེ་ཧྥུས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་གནམ་ཐང་དུ་སྐྱེལ་མ་ཞུས་པར་ཕེབས་ཡོད།
ཐུའོ་ཁ་ཡེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བའི་དུས་ཡུན་ཐུང་རུང་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་ཚོའི་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཞིག་བྱུང་བ་དག་གིས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ངའི་ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འགོ་འཛུགས་ས་གསར་པ་ཞིག་རེད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག འབྱུང་འགྱུར་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུའི་ཞལ་ཆད་གནང་བ་རེད།
ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
འཕྲིན་སྟེགས། weikangba