ཝང་དབྱང་གིས་བརྙན་ལམ་ནས་མོ་སང་པི་ཁེའི་གྲོས་དཔོན་དང་པུ་རུན་ཏིའི་གྲོས་དཔོན་ལ་ཐུག་འཕྲད་བྱས།

2022-09-14
719

  ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་སོ་སོར། མོ་སང་པི་ཁེའི་གྲོས་དཔོན་པིས་ཡ་ཟི་དང་པུ་རུན་ཏིའི་གྲོས་ཁང་གོང་མའི་གྲོས་དཔོན་ཞིན་ཙའོ་ཧ་ཀེ་ལཱ་གཉིས་ལ་ཐུག་འཕྲད་བྱས།

  ཝང་དབྱང་གིས་པིས་ཡ་ཟི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཉིའུ་ཞི་གཉིས་ཐེངས་མང་མཇལ་འཕྲད་གནང་ནས། ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་གང་ལེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་སང་པི་ཁེ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མོ་སང་པི་ཁེའི་གྲོས་ཚོགས་བར་གྱི་མཛའ་མཐུན་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། རིག་གནས་སློབ་གསོ་དང་འཕྲོད་བསྟེན། གཞོན་ནུ། བུད་མེད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕན་པའི་ཆབ་སྲིད་དང་སྤྱི་ཚོགས། དམངས་བློ་བཅས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་འདོད་ཡོད་ཅེས་བསྟན།

  པིས་ཡ་ཟི་ཡིས་བཤད་རྒྱུར། མོ་སང་པི་ཁེ་དང་ཀྲུང་གོའི་བར་དུ་མཛའ་བརྩེ་དང་ཡིད་ཆེས་བརྟན་པོ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིསམོ་སང་པི་ཁེ་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། མོ་སང་པི་ཁེའི་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

  ཝང་དབྱང་གིས་ཞིན་ཙའོ་ཧ་ཀེ་ལཱར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ན་ནིང་གི་ཟླ་གསུམ་པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨིན་ཏ་ཡུས་ཧྲི་མིས་ཡེ་གཉིས་ཀྱིས་ཁ་པར་གྱི་ལམ་ནས། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏིའི་ཕྱོགས་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་དང་དེར་ཕན་འབྲས་དངོས་ཐོན་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་པུ་རུན་ཏིའི་གྲོས་ཁང་གོང་མའི་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

  ཞིན་ཙའོ་ཧ་ཀེ་ལཱ་ཡིས་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཕྱོགས་གཉིས་ཀའི་མཛའ་མཐུན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད། པུ་རུན་ཏིའི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལི་པེན་དང་ཀྲིན་ཅན་པང་། ཧྲའོ་ཧུང་བཅས་གོང་གི་བྱེད་སྒོར་ཞུགས།


  • 顶 0