
མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་ཀྲུའུ་ཞི་ཙན་ཏན་ཧྲ་ཐཱ་ཨར་གྱིས་གདན་དྲངས་པ་ལྟར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཟླ་དགུ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་བྱས།
མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་ཀྲུའུ་ཞི་ཙན་ཏན་ཧྲ་ཐཱ་ཨར་གྱིས་གདན་དྲངས་པ་ལྟར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དགུ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་དུ། མོང་གོལ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་བྱས་ཏེ། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཝུའུ་ལན་པཱ་ཐོ་རུ། ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་དང་ཙུང་ལི་ཨའོ་ཡོན་ཨི་ཨར་ཏིན། ཀྲུའུ་ཞི་ཙན་ཏན་ཧྲ་ཐཱ་ཨར་བཅས་དང་ཐུག་འཕྲད་བྱས།
ལི་ཀྲན་ཧྲུའུ་ཡིས་ཧུའུ་རི་ལེ་སུའུ་ཧི་དང་ཐུག་འཕྲད་བྱེད་སྐབས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་རི་ལེ་སུའུ་ཧི་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ཏེ་བཤད་རྒྱུར། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་གཞན་གང་གིས་ཀྱང་ཚབ་བྱེད་མི་རུང་བའི་ཁྱིམ་མཚེས་བཟང་པོ་ཡིན། ཀྲུང་གོ་དང་མོང་གོལ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་དང་ཀུན་ནས་མཐུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་གྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་འདོམས་འོག་ཏུ། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་ཀྱང་། ཕྱོགས་གཉིས་ཀས་ནད་ཡམས་འགོག་པའི་ཐད་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ལུག་འབུལ་ཇ་འདྲེན་གྱི་གཏམ་རྒྱུད་ལེགས་པོ་བྲིས་ཡོད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་མཛའ་བརྩེ་དང་ཟོལ་མེད། གཉིས་ཕན། གཉིས་རྒྱལ་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཟུང་ནས། མོང་གོལ་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་གང་ལེགས་བཏང་ཡོད། ཕྱོགས་གཉིས་ཀས་ཆབ་སྲིད་ཐད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ། ཕྱོགས་མང་དང་ཕྱོགས་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཧུའུ་རི་ལེ་སུའུ་ཧི་ཡིས་ལི་ཀྲན་ཧྲུའུ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་ཏེ་བཤད་རྒྱུར། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད། མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པས། ཕྱོགས་གཉིས་ཀས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཇེ་བརྟན་དུ་གཏོང་བ། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་དང་ཨེ་ཤེ་ཡའི་དར་རྒྱས་དང་བརྟན་ལྷིང་ལ་མཉམ་དུ་་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་མ་ཟད། ད་དུང་རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་པ་ཡིན་ན། མོང་གོལ་དང་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་དོན་སྙིང་ཆེན་པོ་ལྡན་ངེས་ཡིན་ཟེར།
ལི་ཀྲན་ཧྲུའུ་ཡིས་ཨའོ་ཡོན་ཨི་ཨར་ཏིན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་བཅས་ནི། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཕྱོགས་གཉིས་ཀའི་ཐུན་མོང་གི་དམིགས་འབེན་ཡིན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་དུ། དཔལ་འབྱོར་གསབ་རེས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་ལ་སྔར་ལས་སྐུལ་འདེད་གཏོང་བ། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། རིམས་ནད་གནས་བབ་འོག་གི་འགག་གཏོར་ལས་དོན་ཡག་པོ་སྒྲུབ་པ། ད་ཡོད་ཀྱི་མཉམ་ལས་ལས་གཞི་དོན་འཁྱོལ་ཡག་པོ་བྱེད་པ། ལྷད་མེད་ནུས་ཁུངས་ཀྱི་མཉམ་ལས་བྱེད་པ། ཉོ་ཚོང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་གཉིས་རྒྱལ་གཉིས་ཕན་མངོན་འགྱུར་ཡོང་བར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས་ད་དུང་སྲིད་ཏང་དང་གཞོན་ནུ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་སོ་སོའི་ཁྲོད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར། ཨའོ་ཡོན་ཨི་ཨར་ཏིན་གྱིས་བཤད་རྒྱུར། ཀྲུང་གོའི་བར་གྱི་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་ནི། མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་དམིགས་འབེན་གཙོ་བོ་ཡིན། ཀྲུང་གོ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་ནི་མོང་གོལ་རྒྱལ་ཁབ་ལ་མཚོན་ནས་བཤད་ན། འཕེལ་རྒྱས་དང་དར་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན། དཔལ་འབྱོར་ཉོ་ཚོང་དང་དངོས་ཟོག་སྐྱེལ་འདྲེན། འགག་སྒོ། ཐོན་ཁུངས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མོང་གོལ་རྒྱལ་ཁབ་ཀྱི་བསྐྱར་དར་གསར་པའི་སྲིད་ཇུས་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལི་ཀྲན་ཧྲུའུ་ཡིས་ཙན་ཏན་ཧྲ་ཐཱ་ཨར་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་དུས་རྒྱུན་ཕན་ཚུན་འགྲོ་འོང་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གཉིས་ཕན་མཉམ་ལས་ཀྱི་གྲོགས་པོ་བཟང་པོ། ཕྱོགས་མང་མཉམ་ལས་ཀྱི་ཟླ་གྲོགས་བཟང་པོ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། རྒྱལ་སྲིད་སྐྱོང་བ་དང་དེ་བཞིན་ཁྲིམས་འཛུགས་ལས་དོན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་པོའི་ངོས་ནས་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ནས། ཁྲིམས་འཛུགས་ལས་ཁུངས་ཀྱི་ཕྱོགས་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་རྒྱུ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་མཉམ་དུ་འབོད་སྐུལ་གཏོང་དགོས་ཟེར། ཙན་ཏན་ཧྲ་ཐཱ་ཨར་གྱིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཛའ་མཐུན་ཚན་ཆུང་བར་གྱི་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་དགོས། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་ཆེན་མོའི་མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད་ཅེས་བསྟན།
ལི་ཀྲན་ཧྲུའུ་ཡིས་མོང་གོལ་ཕྱོགས་ལ་མི་འགྱངས་པར་བསྡུ་ལ་ཉེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། མོང་གོལ་དང་ཀྲུང་གོའི་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།
འཕྲིན་སྟེགས། weikangba