​ཝང་ཆི་ཧྲན་དབྱིན་ཇིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་ཕེབས་ནས་དབྱིས་ལི་ཧྲ་པེ་སྐུ་རབས་གཉིས་པ་སྐུ་གཤེགས་པར་མྱ་ངན་ཞུས།

2022-09-13
1045

  ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་དབྱིན་ཇིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་ཕེབས་ནས་དབྱིན་ཇིའི་རྒྱལ་མོ་དབྱིས་ལི་ཧྲ་པེ་སྐུ་རབས་གཉིས་པ་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།

  ཝང་ཆི་ཧྲན་གྱིས་དབྱིས་ལི་ཧྲ་པེ་སྐུ་རབས་གཉིས་པའི་སྐུ་འདྲའི་སྔོན་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་མ་ཟད། མྱ་ངན་ཞུ་ཚིག་འབྲི་དེབ་ཐོག་ཕྱག་བྲིས་གནང་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་དེ་བཞིན་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་མྱ་ངན་ཟབ་མོ་ཞུས་ཤིང་།  དབྱིན་ཇིའི་རྒྱལ་རྒྱུད་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 

  ཝང་ཆི་ཧྲན་གྱིས་རྒྱལ་མོ་དབྱིས་ལི་ཧྲ་པེ་སྐུ་རབས་གཉིས་པ་ནི་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེབས་གནང་མཁན་དང་བྱས་རྗེས་འཇོག་མཁན་ཡིན་པ་མ་ཟད། མོ་རང་ནི་ཀྲུང་གོར་འཚམས་འདྲི་གནང་བའི་དབྱིན་ཇིའི་རྒྱལ་མོ་ཐོག་མ་ཡིན་ཏེ། དེ་སྔོན་ཀྲུང་གོའི་འགོ་ཁྲིད་པ་མང་པོ་དབྱིན་ཇིར་འཚམས་འདྲིར་ཕེབས་དུས་སྣེ་ལེན་གནང་ཡོད་པས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། 

  ད་ལོ་ནི་ཀྲུང་གོ་དང་དབྱིན་ཇིའི་བར་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལས། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་ན། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་དེ་བརྟན་ཞིང་བདེ་བླག་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཛིན་བྱེད་ཐུབ་པ་དེ་ལེགས་པར་མཚོན་ཡོད། དབྱིན་ཇིས་འཐབ་ཇུས་དང་ཕུགས་རིང་ལ་དམིགས་ནས། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་ཁ་བརྡ་སྤེལ་རེས་ཇེ་དྲག་གཏོང་བ་དང་། གཉིས་ཁེའི་མཉམ་ལས་ཡོང་བར་སྐུལ་ཞིང་ལག་གདང་གཅིག་ཏུ་སྦྲེལ་ཏེ་འགྲན་སློང་ལ་ཁ་གཏད་འཇལ་ནས།  ཕྱོགས་གཉིས་བར་གྱི་འབྲེལ་བ་དེ་སྐྱོན་བྲལ་དང་བརྟན་བརླིང་གི་ལམ་བུའི་ཐོག་བསྐྱོད་རྒྱུར་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།

  • 顶 0