ཟླ་བ་དགུ་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་གྱི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་འགོ་འཛིན་ལིའོ་ཅན་ཡུས་ཀྱིས་གཡག་རྔ་གྲོང་ཁྱེར་ཧྲི་མོན་གྲོང་ཁྱེར་དུ་གནོད་སེལ་རྒུད་སྐྱོབ་ལས་ཀར་རྟོག་ཞིབ་མཛུབ་སྟོན་གནང་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། ཀུན་སྤྱོད་སྒྲིག་ལམ་ནན་སྲུང་དང་། འཐབ་རྩོད་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ནུས་གོ་ཆོད་ཅིང་སྤྱོད་གཙང་གི་སྒོ་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་སོ་སོ་ཡག་པོར་སྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།
ལིའོ་ཅན་ཡུས་སྔ་རྗེས་སུ་ལྕགས་ཟམ་རྫོང་གི་དགུ་པའི་ཚེས་ལྔའི་ས་འགུལ་གྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་མཉམ་འབྲེལ་བཀོད་འདོམས་པུའུ་དང་། ཧྲི་མོན་རྫོང་ཞིན་མོན་སྲང་ལམ་གྱི་དུས་རབས་ཐང་ཆེན་གྱི་གཅིག་བསྡུས་བདེ་འགོད་ས་ཚིགས། རྒྱ་གྲམ་དམར་པོ་ཚོགས་པའི་གནོད་སྐྱོན་སྔོན་འགོག་དང་གནོད་སེལ་རྒུད་སྐྱོབ་ཀྱི་བབ་བསྟུན་དངོས་ཟོག་གྲབས་གསོག་མཛོད་ཁང་། ཞིན་མིང་བོད་རིགས་དབྱིས་རིགས་ཞང་། མཚོ་ཁ་ཐང་གྲོང་ཚོའི་གནོད་ཐེབས་ས་ཚིགས་སོགས་སུ་ཕེབས་ཏེ། ཁང་པ་རྡིབ་པ་དང་གཞུང་ལམ་ཆད་པའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། གནོད་སེལ་རྒུད་སྐྱོབ་དང་བཀོད་འདོམས་མ་ལག་འཁོར་སྐྱོད་བྱས་ཚུལ་དང་། གནོད་ཐེབས་མང་ཚོགས་ཀྱི་བར་བརྒལ་བདེ་འགོད་གནས་ཚུལ། བབ་བསྟུན་རྒུད་སྐྱོབ་དངོས་ཟོག་དོ་དམ་དང་གཏོང་སྤྲོད་བྱས་ཚུལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུལ། གཞི་རིམ་ལས་བྱེད་ཀྱི་ལག་འགན་སྒྲུབ་ཚུལ། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་ལྟ་སྐུལ་ནང་ཞུགས་ཚུལ་སོགས་ལ་རྟོག་ཞིབ་གནང་ཞིང་། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། མུ་མཐུད་དུ་གནོད་སེལ་རྒུད་སྐྱོད་ཀྱི་ཡུལ་དངོས་སུ་ལས་ལ་འབད་བཞིན་པའི་ལས་སྒྲུབ་པ་རྣམས་ལ་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུས་པ་རེད།
ལིའོ་ཅན་ཡུས་ཀྱིས་ས་འགུལ་གནོད་ཁུལ་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཚོལ་བཤེར་དང་འཚོལ་སྐྱོབ་གང་ཐུབ་བྱས་ནས། རེ་བ་ཅུང་ཙམ་ཡོད་ན་ཚང་མས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་། གནོད་སྐྱོན་ཐེབས་པའི་མི་སེར་ལ་བཀོད་སྒྲིག་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་གང་ཐུབ་བྱེད་དགོས། རྒུད་སྐྱོབ་དངོས་ཟོག་དང་མ་དངུལ་གྱི་དོ་དམ་བེད་སྤྱོད་ལས་ཀ་ཚད་ལྡན་ནན་པོ་ དང་། རིགས་དབྱེ་ནས་གཏོང་ཡོང་རྩིས་ཐོ་ལས་ནས་སྤྱོད་སྒོ་ཆོད་པར་བྱས། དུས་རིམ་རང་བཞིན་གྱི་ལས་ཀའི་གཙོ་བོ་ཡག་པོ་སྒྲུབ་པ་དང་། གནོད་སེལ་རྒུད་སྐྱོབ་དང་རིམས་ནད་སྔོན་འགོག་ཚོད་འཛིན། དེ་མིན་གནོད་རྗེས་བསྐྱར་བསྐྲུན་ལས་ཀ་བཅས་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱས་ནས། ནུས་ཤུགས་ཡོད་རྒུས དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་ལེན་དགོས། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སེམས་ཤུགས་ཡོད་ཚད་བཏོན་ནས་མི་སེར་གྱི་སེམས་ཁྲལ་དང་དོ་ཁུར་ཆེ་བའི་གནད་དོན་ཐག་གཅོད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ གནོད་སེལ་རྒུད་སྐྱོབ་ལས་ཀ་ཡག་པོ་སྒྲུབ་པ་མ་ཟད། ཏང་ཡོན་ལས་བྱེད་པའི་ཀུན་སྤྱོད་དང་རྒུད་སྐྱོབ་དངོས་ཟོག་དང་མ་དངུལ་དོ་དམ་བེད་སྤྱོད། རིམས་ནད་འགོག་བཅོས་ཀྱི་སྲིད་ཇུས་དོན་འཁྱོལ་སོགས་ལ་ལྟ་སྐུལ་ནན་མོ་བྱས་ནས། ཏང་ཡོན་ལས་བྱེད་པས་དཀའ་སེལ་འགག་སྒྲོལ་དང་འབད་བརྩོན་ལྷོད་མེད་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། ཀུན་སྤྱོད་བཟང་པོའི་ཐོག་ནས་གནོད་སེལ་རྒུད་སྐྱོབ་ལས་རྣམ་པར་རྒྱལ་དགོས་ཞེས་ནན་གསུང་གནང་བ་རེད།
འཕྲིན་སྟེགས། weikangba