ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་9ཉིན་གྲོས་ཚོགས་སྐོང་འཚོགས་གནང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བྱ་རྒྱུའི་སྙན་ཞུའི་འཆར་ཟིན་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(བཟོ་བཅོས་འཆར་ཟིན)》གི་འཆར་ཟིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བྱ་རྒྱུའི་ལས་དོན་སྙན་ཞུའི་འཆར་ཟིན་བཅས་ལ་ཞིབ་འཇུག་བྱས་པ་དང་།《སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ》དང་། 《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བྱ་རྒྱུའི་སྙན་ཞུའི་འཆར་ཟིན་ལ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(བཟོ་བཅོས་འཆར་ཟིན)》ལ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བྱ་རྒྱུའི་ལས་དོན་སྙན་ཞུའི་འཆར་ཟིན་ལ་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་འཆར་ཟིན་འདི་གསུམ་པོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པར་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
གྲོས་ཚོགས་ཐོག་ད་ཐེངས་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ནང་། ས་ཁུལ་ཁག་དང་སྡེ་ཚན་ཁག་ཕྱོགས་ཁག་ཚང་མ་བཅས་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་གསར་དུ་བདམས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་འཆར་ཟིན་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་འཆར་ཟིན་ལ་བསམ་འཆར་དང་གྲོས་འགོ་ཡག་པོ་ཧ་ཅང་མང་པོ་བཏོན་ཡོེད། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱེད་པ་དང་། ཕྱོགས་ཁག་ནས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་མཐུན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་དམིགས་འབེན་དང་ལས་འགན་དང་འཚམ་པའི་ཚོགས་ཆེན་གྱི་སྙན་ཞུ་ཧུར་ཐག་འབྲི་བ། ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་གོང་འཕེལ་དང་མཐུན་པ་དང་། དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་རླབས་ཆེན་གྱི་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གཏན་འབེབས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སུ་སྐོང་འཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔའི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་ལྟ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཉམས་མྱོང་གསར་པ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ། དུས་རབས་ཀྱི་ཆ་རྐྱེན་གསར་པ་ནས་འགོ་ཚུགས་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་དང་གོང་འཕེལ་ཀྱི་མདུན་དུ་ལྷགས་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཕུགས་འདུན་རྒྱུན་འཁྱོངས་བྱེད་པ་བཅས་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་ཞིང་། འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡང་འབད་བསྐྱར་འབད་དང་། ཞུམ་མེད་འབད་འཐབ། འགག་གཏོར་དཀའ་སེལ་བཅས་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན་པས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་རྩ་བའི་རང་བཞིན་གྱི་ཚད་ལྡན་དང་མཛུབ་ཁྲིད་ཀྱི་ནུས་པ་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་དེས་ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་སྲུང་བརྩི། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་སྔར་ལས་ཡག་པ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པ་མདུན་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་སྔར་ལས་ཡག་པ་གཏོང་རྒྱུར་ཕན་ཐོགས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གཏན་འབེབས་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་བཀོད་ནས། ཏང་གི་སྒྲིག་ཡིག་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མཚོན་པ། དུས་བབ་གསར་པའི་འོག་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་ཁ་གསལ་ཡོང་བ་བཅས་བྱས་ཏེ། རླབས་ཆེན་གྱི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་སྔར་ལས་ལྷག་པ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་བའི་ལས་དོན་སྙན་ཞུའི་འཆར་ཟིན་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་དང་གོང་འཕེལ་གྱི་ནུས་པ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་། ལས་ཀའི་གྲུབ་འབྲས། ངོས་འཛིན་དང་མྱོང་ཚོར་བཅས་གང་ལེགས་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་བཀོད་སྒྲིག་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། གྲོས་ཚོགས་ཐོག་སྤྱི་ལོ་2022ལོའི་ཟླ་10པའི་ཚེས་7ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོག་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་པ་དང་བླང་བྱ་གསར་པ་བཏོན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་བ། ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ལྷོད་གཡེང་མི་གཏོང་བ་དང་། མཚམས་འཇོག་མི་བྱེད་པ། སླར་ཡང་རྡོག་ཐོན་བཅས་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། དུས་ཡུན་རིང་པོའི་ནང་བཀག་འགོག་བྱེད་མ་ཐུབ་པའི་བྱ་ངན་སྤྱོད་ངན་འགའ་ཞིག་བཀག་འགོག་ཐུབ་པ་དང་། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་གཅོང་ནད་འགའ་ཞིག་སེལ་ཐུབ་པ། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ། སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་སྐུ་ངོ་མས་སྐུལ་འདེད་གནང་བའི་འོག ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ལ་བརྩིས་ནས་གཅིག་གྱུར་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་བང་རིམ་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱིས་བྱ་ཐབས་ནུས་ལྡན་བཟུང་སྟེ་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་རྒྱུན་མཐུད་ངང་ཡོ་བསྲང་དང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་དགོས་མེད་ཀྱི་ཁུར་པོ་ཕབ་ཡོད། ཏང་ནང་ཁུལ་དུ་ལྷགས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཀག་འགོག་དང་བཅོས་སྒྲིག་ཐུབ་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་སྔར་བས་མང་བ་དང་སེམས་ནུས་སྔར་བས་ཆེ་བ་བྱུང་ཡོད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ས་ཁུལ་ཁག་དང་ཚན་པ་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱས་ཡོད།
གྲོས་ཚོགས་ཐོག སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་བྱེད་བཞིན་པ་ལས་བྱས་ཚར་བ་ཟེར་བ་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཡུན་རིང་རྒྱུན་འཁྱོངས་བྱ་དགོས། དུས་བབ་གསར་པའི་འོག“སྤྱོད་ཚུལ་ངན་པ་བཞིར”ངོ་རྒོལ་བྱེད་པའི་ཆོས་ཉིད་ཁྱད་ཆོས་དང་ལས་ཀའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་རྒྱུན་རྣམ་དང་ཡུན་རིང་དང་། དོ་ནན་དང་དངོས་སྒྲུབ། གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཐོག དོ་དམ་བྱ་རྒྱུ་དེ་གོམས་གཤིས་སུ་འགྱུར་བ་དང་། དམ་འཛིན་བྱས་པར་ཕན་འབྲས་ཐོན་པ། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་འཆར་ཅན་ཞིག་ལ་འགྱུར་བ་བཅས་བྱ་དགོས། གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་ཐོག མངོན་གསལ་དོད་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་དང་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཁུར་པོ་ཡང་དུ་གཏོང་བའི་གྲུབ་འབྲས་ཀྱིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་ཕན་པ་སྔར་ལས་ལྷག་པ་ཐོབ་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།
འཕྲིན་སྟེགས། weikangba