
ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས2022ལོའི་རྒྱལ་ཡོངས་ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་སྐབས་ནན་གྱིས་བསྟན་དོན།
ཁེ་ལས་གསར་སྐྲུན་བྱེད་པའི་སྟེང་ཤུགས་རྒྱག་པར་སྐུལ་འདེད་བཏང་སྟེ། ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་སྔར་ལས་མང་པོ་འབྱུང་བར་སྐུལ་མ་གཏོང་དགོས།
2022ལོའི་རྒྱལ་ཡོངས་ཀྱི་ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཚོགས་ཆེན་ཚེས8ཉིན་གྱི་སྔ་དྲོར་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་ཏེ། སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བསྟན་དོན། ཁེ་ལས་འབྲིང་ཆུང་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད་པས། གསར་སྐྲུན་ལ་སྐུལ་འདེད་དང་ལས་ཞུགས་ལ་ཡར་སྐུལ། དམངས་འཚོ་ལེགས་བཅོས་བཅས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རེ་བ་ཡིན་ན་ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་གིས་ལས་ཀ་གཙོ་བོར་དམ་པོར་དམིགས་པ་དང་ལེགས་རྨོ་ཞིབ་འདེབས་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་སྔར་ལས་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས།
ཞི་ཅིན་ཕིང་གིས་བླང་བྱ་འདོན་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱས་ནས། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཡོང་བར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁེ་ལས་ཀྱིས་གསར་སྐྲུན་བྱེད་པའི་ཐད་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ། ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་བྱས་ནས། ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་སྔར་ལས་མང་པོ་འབྱུང་བར་སྐུལ་མ་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་བརྙན་ལམ་བརྒྱུད་དེ་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད། ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།
2022ལོའི་རྒྱལ་ཡོངས་ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཚོགས་ཆེན་གྱིས་ཆེད་མཁས་ཁྱད་གསར། རྨང་གཞི་སྲ་བརྟན་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས། འབྲེལ་ཡོད་སྡེ་ཁག་དང་ཅང་སུའུ་ཞིང་ཆེན་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་རིམ་པ་སོ་སོའི་ཁེ་ལས་འབྲིང་ཆུང་གི་གཙོ་འགན་སྡེ་ཁག་གི་འགན་ཁུར་བློ་མཐུན། ཆེད་མཁས་ཁྱད་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།།
འཕྲིན་སྟེགས། weikangba