གོང་བུར་གཅིག་ཏུ་བསྒྲིལ། སྟོབས་ཤུགས་གཅིག་ཏུ་བསྡུས། སི་ཁྲོན་ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་དགུ་པའི་ཚེས་ལྔའི་ལྕགས་ཟམ་ས་འགུལ་གནོད་ཁུལ་ལ་རོགས་སྐྱོར་བྱེད་བཞིན་ཡོད།
ཟླ་བ་དགུ་པའི་ཚེས་ལྔ་ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་བཅུ་དྲུག་ཡོད། ས་འགུལ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ཡོད། ཞིང་ཆེན་ཏང་ཨུ་ཡིས་དུས་ཐོག་ཏུ་ལྕགས་ཟམ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་ཀའི་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། གནོད་སེལ་རྒུད་སྐྱོབ་ལས་ཀར་བཀོད་འདོམས་དང་བཀོད་སྒྲིག་བྱས། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གིས་མཐོང་ཆེན་ཚད་མེད་བྱས་ཏེ། དཀའ་ངལ་ཡོད་པའི་མི་སེར་ལ་རོགས་སྐྱོར་དང་དམིགས་བསལ་དཀའ་ངལ་ཅན་ལ་ཐུགས་ཁུར། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་། དགེ་རྩའི་ཐོན་ཁུངས་སྦྲེལ་མཐུད་སོགས་ཀྱི་ལས་ཀའི་ཐད་ནས་བཀོད་སྒྲིག་བྱས་ཡོད། རང་བྱུང་གནོས་སྐྱོན་གློ་བུར་དུ་བྱུང་བས། སི་ཁྲོན་ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་འགན་འཁྲི་ཡིད་ལ་བཅངས་ནས། དུས་ཐོག་ཏུ་རང་བྱུང་གནོད་སྐྱོན་གྱི་བབ་བསྟུན་འཆར་གཞི་ལག་བསྟར་བྱས་ཏེ། ལྟ་སྐུལ་ཚོ་ཆུང་དང་འགན་སྲུང་ཚོ་ཆུང་། ཞལ་འདེབས་ལས་སྒྲུབ་ཚོ་ཆུང་། འབྲེལ་གཏུག་ཚོ་ཆུང་། དྲིལ་བསྒྲགས་ཚོ་ཆུང་བཅས་བཙུགས་པ་མ་ཟད། འགོར་འགྱངས་མེད་པར་ལས་འགན་བགོས་ནས་བཀོད་སྒྲིག་བྱས། ལས་རེས་ཚོ་ཆུང་གི་ཁོངས་མི་ཚོས་ཀྱང་བབ་བསྟུན་དུས་སུ་འཕྲིན་གཏོང་ཐོགས་མེད་དང་ལས་འགན་ཕྲག་ཏུ་ཁུར་ནས་དུས་ཐོག་ཏུ་ལས་ལ་ཞུགས།
ཟླ་བ་དགུ་པའི་ཚེས་ལྔ་ཉིན། ཞིང་ཆེན་དགེ་ལས་སྤྱི་ཁྱབ་ཚོགས་པས་སྤྱི་ཚོགས་ཡོངས་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་གནོད་སེལ་རྒུད་སྐྱོབ་སྐོར་གྱི་གྲོས་འགོ་འདོན་ཡིག་དང་། སི་ཁྲོན་དགེ་ལས་ཚོགས་པས་གོང་བུ་གཅིག་ཏུ་བསྒྲིལ་ནས། ས་འགུལ་གནོད་ཁུལ་ལ་རོགས་སྐྱོར་བྱེད་ཅེས་པའི་ཞལ་འདེབས་འབུལ་བའི་ལས་གཞི་ཁྱབ་བསྒྲགས་བྱས། དངུལ་སྤྲོད་ནོར་ཁུག་གི་སྤྱི་ཕན་ལས་སྟེགས་དང་འབྲེལ་མཐུད་བྱས་ཏེ། ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་བཏོན་པའི་ཞལ་འདེབས་འབུལ་བའི་ལས་གཞི་དེ་དྲ་ངོས་སུ་ཆེད་དུ་ཕྱེས་པའི་ལྕགས་ཟམ་ས་འགུལ་ལ་ཛ་དྲག་རོགས་སྐྱོབ་བྱེད་ཅེས་པའི་ཆེད་བཀོད་ཁུལ་དུ་བཞག་ཡོད།
ས་འགུལ་བྱུང་དུས། ཕྱོགས་བཞི་མཚམས་བརྒྱད་ཀྱིས་གནོད་ཁུལ་ལ་སེམས་ཁུར་བྱེད། མཐུན་སྒྲིལ་མཛའ་བརྩེའི་མི་རིགས་སྙིང་སྟོབས་ནི་ཀྲུང་ཧྭའི་བུ་རྒྱུད་ཚོའི་སེམས་གཏིང་སུ་ཆགས། གནོད་སྐྱོན་བྱུང་བའི་དུས་སུ། རྒྱལ་ཡོངས་སེམས་པ་གཅིག གོང་བུར་གཅིག་ཏུ་བསྒྲིལ། སྟོབས་ཤུགས་གཅིག་ཏུ་བསྡུས། ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་མྱུར་སྐྱོབ་དང་དཀའ་སེལ་ཟུང་དུ་འབྲེལ་བ་དང་། རོགས་སྐྱོབ་དང་རམ་འདེགས་ཟུང་དུ་འབྲེལ་བ། གནོད་སེལ་དང་ལས་ཞུགས་ཟུང་དུ་འབྲེལ་བ། རྒུད་སྐྱོབ་དང་བསྐྱར་བསྐྲུན་ཟུང་དུ་འབྲེལ་བ་བཅས་བྱས་ནས། དགེ་ལས་ཀྱི་དགོས་མཁོར་རྒྱུས་ལོན་དང་། དགེ་ལས་ཀྱི་མ་འཇོག་སྐུལ་ཁྲིད། དགེ་ལས་ཀྱི་ལས་གཞི་གསར་གཏོད་བྱས། ཉི་མ་གཉིས་མ་གཏོགས་མི་དགོས་པར། བྱམས་སེམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་དགུ་ཞལ་འདེབས་ཕུལ་ཡོད། འདི་ནི་ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་ཀྱི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དོན་འཁྱོལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་སེལ་རྒུད་སྐྱོབ་ལས་ཀ་ཡག་པོ་སྒྲུབ་པར་བཀོད་སྒྲིག་བྱས་པའི་བྱེད་ཐབས་དང་བྱ་སྤྱོད་དངོས་ལག་ལེན་བསྟར་བ་དེ་རེད།
སི་ཁྲོན་ཞིང་ཆེན་དགེ་ལས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས། གནོད་སྐྱོན་གྱི་མདུན་དུ། གཅེས་སེམས་ལ་ཆེ་ཆུང་མེད། ང་ཚོ་ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས། སྤྱི་ཚོགས་ཀྱི་གཅེས་སེམས་གཅིག་ཏུ་བསྡུས་ནས། བབ་བསྟུན་རོགས་སྐྱོབ་དང་འཚོ་བར་རམ་འདེགས། རྒན་བཀུར་ཆུང་བྱམས། རྨས་པར་སྨན་བཅོས། སྒྲིག་ཆས་བསྐྱར་བསྐྲུན། ཐོན་ལས་སླར་གསོ་སོགས་ཀྱི་ཐད་རོགས་རམ་བྱས་ནས། བརྩེ་བས་ཡུལ་ཕྱོགས་འདི་སྡུག་བསྔལ་ལས་བྲལ་འཇུག་དགོས་ཞེས་འབོད་སྐུལ་བཏང་བ་རེད།
འཕྲིན་སྟེགས། weikangba