ལྕགས་ཟམ་རྫོང་གི་དགུ་པའི་ཚེས་ལྔའི་ས་འགུལ་གྱི་རྒུད་སྐྱོབ་ལས་ཀ་གོ་རིམ་ལྡན་པའི་སྒྲུབ་བཞིན་ཡོད།

2022-09-06
996

ཆ་འཕྲིན་གསར་པ་ལྟར་ན། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་དྲུག་ཚེག་བརྒྱད་རིམ་པའི་ས་འགུལ་བྱུང་རྗེས། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་དུས་ཐོག་ཏུ་བབ་བསྟུན་འཆར་འགོད་ལག་བསྟར་བྱས་པ་དང་།  མྱུར་དུ་ལས་སྒྲུབ་ཚོ་ཆུང་བཅུ་དྲུག་བཙུགས་ཏེ། འགུལ་ལྟེ་རུ་བསྐྱོད་ནས་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀ་སྒྲུབ་བཞིན་ཡོད།

ས་འགུལ་བྱུང་རྗེས།  བསྡོམས་པས་མི་སུམ་སྟོང་ལྔ་བརྒྱ་བཅུ་མེད་བཞི་གནོད་སེལ་རྒུད་སྐྱོབ་ཀྱི་ལས་ཀའི་ནང་ཞུགས་ཡོད། དེའི་ནང་ཞིང་ཆེན་དང་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱོགས་བསྡུས་རོགས་སྐྱོབ་རུ་ཁག་གི་རླངས་འཁོར་ཉིས་བརྒྱ་དོན་དགུ་དང་མི་ཆིག་སྟོང་ཉིས་བརྒྱ་ཉེར་གསུམ།  མེ་གསོད་རོགས་སྐྱོབ་ཀྱི་རླངས་འཁོར་བརྒྱ་དང་དོན་བདུན། མི་བདུན་བརྒྱ་གྱ་བཞི།  ནགས་ཚལ་མེ་གསོད་ཀྱི་རླངས་འཁོར་བརྒྱ་དང་བཅུ་མེད་གཉིས་དང་མི་བཞི་བརྒྱ་སོ་དགུ། དྲག་ཆས་ཉེན་རྟོག་གི་རླངས་འཁོར་གྱ་ལྔ་དང་མི་ཆིག་སྟོང་བརྒྱ་མེད་རེ་བརྒྱད། སྤྱི་བདེ་ཉེན་རྟོག་ལས་བྱེད་བཞི་བརྒྱ་བརྒྱད་ཅུ། ཀྲུང་གོ་ཨན་ནིན་འཛུགས་སྐྲུན་ཚོགས་པའི་རོགས་སྐྱོབ་མི་སྣ་དོན་བརྒྱད། ཡུལ་དམག་ཉིས་བརྒྱ་ཞེ་བརྒྱད།  སྨན་བཅོས་འགན་སྲུང་མི་སྣ་དྲུག་ཅུ།  འཕྲིན་གཏོང་འགན་སྲུང་མི་སྣ་ང་གཅིག   གློག་ཤུགས་མྱུར་སྐྱོབ་མི་སྣ་བརྒྱ་དང་བཅུ་དྲུག   འགྲུམ་འགྲིལ་འགན་སྲུང་མི་སྣ་བརྒྱ་དང་བརྒྱད་ཅུ།  ཆེད་ལས་མིན་པའི་རོགས་སྐྱོར་མི་སྣ་བདུན་བརྒྱ་སོ་ལྔ།  འཚོལ་སྐྱོབ་ཁྱི་སུམ་ཅུ་བཅས་མངགས་ ཡོད།

ཞིང་ཆེན་གྱིས་ཐད་འཕུར་གནམ་གྲུ་གཉིས་དང་མི་མེད་གནམ་གྲུ་གཅིག་བཀོད་སྒྲིག་བྱས་ཏེ་རོགས་སྐྱོབ་དང་མྱུལ་ཞིབ་ཀྱི་ལས་ལ་ཞུགས་ཡོད།

བསྡོམས་པས་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་དང་འཕྲལ་རྒོལ་རུ་ཁག་བདུན་བརྒྱ་གོ་བརྒྱད་བཙུགས་པ་དང་།   ཏང་ཡོན་དང་བླངས་པ་བརྒྱད་སྟོང་བདུན་བརྒྱ་སོ་གསུམ་སྒྲིག་འཛུགས་བྱས་ཏེ།  སྒྲིག་ལམ་སྲུང་སྐྱོང་དང་སྦྲ་གུར་ཕུབ་པ།  དངོས་ཟོག་བཀྲམ་པ་སོགས་ཀྱི་ཞབས་ཞུའི་ལས་ཀར་ཞུགས་ཡོད།  སྦྲ་གུར་བརྒྱད་སྟོང་ལྔ་བརྒྱ་སྤྲད་ཅིང་མི་སེལ་ཆིག་སྟོང་སུམ་བརྒྱ་བདེ་བཀོད་གནས་སུ་སྤོས་པ། བསྡོམས་པས་གློག་ཤུགས་མྱུར་སྐྱོབ་རླངས་འཁོར་ཐེངས་བཞི་བཅུ་བཏང་ནས། ཐན་ལེ་གློག་ལམ་སྟོང་ཝ་བཅུའི་གློག་ཤུགས་བསྐྱར་གསོ་བྱས་ཤིང་།  གློག་ཁུལ་ཉེར་གསུམ་གྱི་གློག་ཡང་བསྐྱར་བཏོན་ཡོད།

ཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་བར། ས་འགུལ་ཁྲོད་མི་ཉེར་དགུ་ཤི་ཤོར་བ་དང་མི་རེ་བཞི་ལ་རྨས་ལྗིད་མོ་ཕོག་པ་མ་ཟད། མི་གྱ་གཉིས་ལ་རྨས་ཡང་མོ་ཐེབས་ཡོད།  རྨས་མ་རྣམས་གཏན་འཁེལ་སྨན་ཁང་ནང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།  

རྗེས་མཐུད་ཀྱི་འབྲེལ་ཡོད་གནས་ཚུལ་དག་དུས་ཐོག་ཏུ་གཏོང་རྒྱུ་ཡིན།  

དཀར་མཛེས་ཁུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་གཞུང་ལས་ཁང་ནས། 


  • 顶 0