ལྕགས་ཟམ་རྫོང་གི་ས་འགུལ་ལ་དཀར་མཛེས་ཁུལ་གྱིས་རིམ་པ་གཉིས་པའི་བབ་བསྟུན་ལག་བསྟར་བྱས།

2022-09-05
1300

ཟླ་བ་དགུ་པའི་ཚེས་ལྔ་ཉིན་གྱི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ང་གཉིས་ཐོག སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་ཉེ་འགྲམ་དུ་ས་འགུལ་རིམ་པ་དྲུག་ཚེག་བརྒྱད་བྱུང་།  འགུལ་ཁུངས་ཟབ་ཚད་སྟོང་སྨི་བཅུ་དྲུག་འདུག 

ས་འགུལ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་དུས་ཐོག་ཏུ་དཀར་མཛེས་ཁུལ་དང་ལྕགས་ཟམ་རྫོང་གི་འགོ་ཁྲིད་ལ་ཁ་པར་བཏང་ནས་མཛུབ་སྟོན་བླང་བྱ་བཏོན་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་ཁྲིད་དེ་ལྕགས་ཟམ་རྫོང་དུ་འབྱོར་བ་དང་། གནོད་ཁུལ་གྱི་ས་འགུལ་བྱུང་ས་རུ་གནོད་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་བ་རེད།  

དཀར་མཛེས་ཁུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་མྱུར་དུ་རིམ་པ་གཉིས་པའི་བབ་བསྟུན་ལག་བསྟར་བྱས། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མྱུར་དུ་རོགས་སྐྱོབ་ཀྱི་བླང་བྱ་བཏོན། པེ་ཅིན་དུ་སློབ་སྦྱོང་བྱེད་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་ཁུལ་དུ་ལས་ཀ་གཙོ་སྐྱོང་བྱེད་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་དང་། ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་ལ་མྱུར་དུ་ཁ་པར་བཏང་བ་མ་ཟད་བཀོད་སྒྲིག་གནང་། ཁུལ་དང་རྫོང་གིས་བབ་བསྟུན་འཆར་འགོད་ལག་བསྟར་མགྱོགས་པོ་དང་། སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། གནོད་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་གང་མགྱོགས་བྱེད་པ། མི་སྣ་མྱུར་སྐྱོབ་དང་། རྨས་མ་སྨན་བཅོས། འགུལ་འཕྲོ་དང་རི་ཉིལ་བ། བསྐྱིལ་མཚོ་སོགས་ཀྱི་ཞོར་བྱུང་གནོད་སྐྱོན་མི་འབྱུང་བ་དང་གནོད་ཐེབས་མང་ཚོགས་བདེ་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། པེ་ཅིང་དུ་སློབ་སྦྱོང་མཚམས་བཞག་ནས་ལྕགས་ཟམ་རྫོང་གི་གནོད་ཁུལ་དུ་ཕྱིར་ལོག་བཞིན་ཡོད་པ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ཡིས་རུ་ཁག་ཁྲིད་དེ་གནོད་ཐེབས་ཡུལ་དངོས་སུ་སོང་ནས་ཉེན་སེལ་རོགས་སྐྱོབ་བྱས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་བབ་བསྟུན་ལས་དོན་སྤེལ་བ་མ་ཟད། དྲག་ཆས་ཉེན་རྟོག་གི་མེ་གསོད་དང་། སྨན་བཅོས་རོགས་སྐྱོབ། འཕྲིན་གཏོང་གློག་ཤུགས། འགྲིམ་འགྲུལ་འགན་སྲུང་སོགས་ཀྱི་རོགས་སྐྱོབ་མི་སྣ་དྲུག་བརྒྱ་སོ་ལྔ་ཉེན་སེལ་ལས་དོན་སྤེལ་སར་མངགས་པ་རེད། རོགས་སྐྱོབ་དཔུང་ཁག་གི་མི་སུམ་བརྒྱ་འགུལ་ལྟེ་ལ་འབྱོར་ཚར་བ་དང་། རོགས་སྐྱོབ་བགྲོད་ལམ་གཅིག་ཤར་གཏོང་ཐུབ་ཡོད། མི་མེད་གནམ་གྲུ་བཏང་ནས་མྱུལ་ཞིབ་བྱས་པ་དང་། ཁང་པ་ཁ་ཤས་ལ་གནོད་པ་ཐེབས་པ་རེད། 

མིག་སྔར་ས་འགུལ་ནང་མི་བདུན་རྐྱེན་ལམ་དུ་ཤོར། གཞུང་ལམ་དང་། བརྡ་འཕྲིན། ཁང་པ་སོགས་ལ་གནོད་པ་ཐེབས་ཚུལ་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད། 

  • 顶 0