རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

2022-09-02
756

“མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”ཞེས་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་65པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། དེར་བརྟེན་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཡོང་བར་ཤུགས་སྣོན་རྒྱག་ཆེད་བསམ་བློའི་རིག་གནས་ཀྱི་རྨང་གཞི་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
    སྲིད་གྲོས་ཨུ་ཡོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དགུས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། ཨུ་ཡོན་120ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ལས་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན་གནང་བ་རེད། ཚང་མས་ངོས་འཛིན་བྱས་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། མི་རིགས་ཁག་འགྲོ་འོང་ཆེ་མོ་དང་མཉམ་འདྲེས་ཆེ་མོའི་དུས་བབ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་སྔར་ན་བྱུང་མྱོང་མེད་པའི་འབྲེལ་གཏུག་གཏིང་ཟབ་བྱུང་བས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་མི་སེམས་སུ་ཟུག་ཡོད། དེ་དང་དུས་མཚུངས་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་སྔར་བཞིན་གནས་པ་དང་སྲིད་ཇུས་དོན་འཁྱོལ་ཐད་དཀའ་གནད་དང་འགག་གནད་མི་ཉུང་བ་ཞིག་ཡོད་པ་རེད།
   ཨུ་ཡོན་ཚོས་གྲོས་འགོ་བཏོན་དོན། “ནང་དུ་འདྲེན་པ”དང“ཕྱིར་བསྐྱོད་རྒྱུ”གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་གྱི་མང་ཚོགས་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་སློབ་སྦྱོང་ལྟ་སྐོར་དང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རྒྱུར་ལྕག་སྐུལ་བྱེད་པ་དང་། དབུས་ཤར་རྒྱུད་ཀྱི་ས་ཁུལ་གྱི་མང་ཚོགས་མི་རིགས་ས་ཁུལ་དུ་ཡུལ་སྐོར་ལྟ་སྐོར་དང་། མ་འཇོག་ལས་དར། དང་བླངས་རོགས་སྐྱོར་བཅས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། “མཁྲེགས་ཆས”དང“མཉེན་ཆས”གོམ་སྟབས་གཅིག་མཚུངས་ངང་རིམ་སྤོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་ས་ཁུལ་ལ་འགྲིམ་འགྲུལ་དང་ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རོགས་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡིག་རིག་སྔར་བས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་ཆ་རྐྱེན་བསྐྲུན་དགོས། གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕྱོགས་འགྲུལ་གྲངས་ཉུང་མི་རིགས་ཀྱི་མི་འབོར་ལ་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཐོན་ཡུལ་དང་ཡོང་ཡུལ་དབར་ཤར་བགྲོད་ཐུབ་པའི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་ལྕག་སྐུལ་བྱེད་པ་བཅས་བྱས་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་ནང་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱ་རྒྱུར་རོགས་རམ་བྱེད་དགོས།

  • 顶 0