རང་དགར་ཕྱིར་བསྐྱོད་པ་སོགས་བྱས་པས་ཆད་པ་བཅད་འདུག

2022-09-01
211
     མིག་སྔ་ནི་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སྐབས་དང་འགག་སྒྲོལ་དུས་སྐབས་ཡིན་པས།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་འཐོབ་ཆེད་སྤྱི་དམངས་མི་རེ་ངོ་རེས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། འོན་ཀྱང་རྟག་ཏུ་མི་ཁ་ཤས་ཀྱི་སེམས་སུ་སྟེས་དབང་གི་བསམ་བློ་འཁོར་བཞིན་ཡོད་དེ།  རང་གི་ཁེ་ཕན་གྱི་ཆེད་དུ་སྤྱི་པའི་བདེ་འཇགས་སྣང་མེད་དུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་གོ་སྐབས་འཚོལ་བཞིན་ཡོད་པས། དེས་རིམས་འགོག་ལས་དོན་ལ་དཀའ་ངལ་བཟོ་བཞིན་ཡོད། 

གྱོད་དཔེ་དང་པོ།

     2022ལོའི་ཟླ་8པའི་ཚེས་22ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་མངགས་གཏོང་ཁང་གི་སྡེ་ཁུལ་དྲ་མིག་ཅན་གྱི་མི་དམངས་ཉེན་རྟོག་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐོར་གཡེང་ཞིབ་བཤེར་ལས་དོན་སྤེལ་སྐབས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་ནུབ་ལམ་གྱི་ཚོང་ཁང་ཞིག་ཏུ་ཡོད་པའི་ལེའོ་ཆེ་གེ་མོ་དང་ཧོ་ཆེ་གེ་མོ་སོགས་མི་4ཡིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། གནས་སྐབས་སྒོ་རྒྱག་རྒྱུའི་བྱ་ཐབས་དོན་འཁྱོལ་བྱས་མེད་པ་ཤེས་རྟོགས་བྱུང་བས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་། ལེའོ་ཆེ་གེ་མོ་སོགས་མི་4ལ་ཁྲིམས་ལྟར་སྒོར་200ཡི་སྲིད་འཛིན་ཆད་པ་བཅད་པ་རེད། 

གྱོད་དཔེ་གཉིས་པ།

     2022ལོའི་ཟླ་8པའི་ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ། དབང་ཆེ་གེ་མོ་དང་། སྤེན་ཆེ་གེ་མོ། ཉི་ཆེ་གེ་མོ་སོགས་མི་12ཀྱིས་རིམས་ནད་བྱུང་རིང་སྲིད་གཞུང་གི་རིམས་འགོག་ལས་དོན་དོ་དམ་གྱི་གཏན་འབེབས་བརྩི་སྲུང་མ་ཞུས་པར་རང་མཚམས་ཀྱིས་བརྒྱད་གཅིག་སྡེ་ཁུལ་ནས་ཕྱིར་བསྐྱོད་པ་མ་ཟད། སྒེར་གྱི་རླངས་འཁོར་བཏང་ནས་ལྐོག་ཏུ་ཕ་ཡུལ་གཞིས་རྩེར་ལོག་རྩིས་བྱས་ཡོད། བཅིངས་འགྲོལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། ཁོང་ཚོར་ཁྲིམས་ལྟར་སྒོར་200ཡི་ཆད་པ་བཅད་ཡོད།

གྱོད་དཔེ་གསུམ་པ།

     2022ལོའི་ཟླ་8པའི་ཚེས་22ཉིན། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཝང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྐབས་བདལ་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་མཚམས་འཇོག་བྱ་རྒྱུའི་གཏན་འབེབས་ལས་འགལ་ནས་རང་དགར་འགྲུལ་པ་སྐྱེལ་འདྲེན་བྱས་པས། བཅིངས་འགྲོལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་བཀག་འགོག་བྱས་པ་དང་འབྲེལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》གཞིར་བཟུང་། ཁོ་པར་ཁྲིམས་ལྟར་སྒོར་100ཡི་དངུལ་ཆད་བཅད་པ་དང་དུས་མཚུངས་བདལ་གཏོང་རླངས་འཁོར་ཀུང་སིར་རླངས་འཁོར་དེར་ཐག་གཅོད་བྱ་རྒྱུའི་བརྡ་ཐོ་ཡང་བཏང་ཡོད། 

གྱོད་དཔེ་བཞི་པ།

     2022ལོའི་ཟླ་8པའི་ཚེས་24ཉིན། ཧོ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་4ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བླང་བྱ་ལག་ལེན་གཏན་ནས་མ་བསྟར་བར་གཏེར་ལས་གྲོང་ཁུལ་ནང་ཁྲིམས་འགལ་ངང་འདུ་འཛོམས་བྱས་པ་དང་མི་མང་པོ་འདུས་ནས་ཤོ་སྦག་བརྒྱབ་ཡོད་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། བཅིངས་འགྲོལ་མངགས་གཏོང་ཁང་གིས་ཁྲིམས་ལྟར་ཧོ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་མི་4ལ་དངུལ་ཆད་སྒོར་200བཅད་ཡོད་པ་རེད།

     བསྡོམས་རྩིས་བྱས་པ་ལྟར་ན། རིམས་ནད་ཐོན་པ་ནས་བཟུང་། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྱོན་བསྡོམས་གྱོད་དོན་60ཞིབ་བཤེར་ཐག་བཅོད་བྱས་ཡོད་པ་དང་། དེ་དག་ནང་ཛ་དྲག་རྣམ་པའི་འོག་གི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མ་བྱས་པའི་གྱོད་གཞི་ཁྱོན་60ཡོད་ཅིང་། དེ་དག་ཁྲོད་རང་དགར་སྒོ་ཕྱེ་ནས་ཚོང་གཉེར་བྱེད་པའི་གྱོད་གཞི་25དང་། རང་དགར་ཕྱིར་བསྐྱོད་པའི་གྱོད་གཞི་22 མི་མང་འདུས་ནས་ཤོ་སྦག་རྒྱག་པའི་གྱོད་གཞི་5 འདུ་འཛོམས་བྱས་ནས་ཁ་ལག་ཟ་བའི་གྱོད་གཞི་2 འགྲོ་སྐྱོད་བྱེད་ཆོག་པའི་ལམ་ཡིག་མེད་པར་སྒེར་འཁོར་བཏང་ནས་ཕྱིར་བསྐྱོད་པའི་གྱོད་གཞི་3 འགྲོ་སྐྱོད་བྱེད་ཆོག་པའི་ལག་ཁྱེར་མེད་པར་ཕྱིར་ཚོང་བྱེད་པའི་གྱོད་གཞི་1 ཟོག་འགྲེམས་གླིང་གི་འགན་འཁུར་བས་རིམས་འགོག་སྲིད་ཇུས་ལག་བསྟར་མ་བྱས་པའི་གྱོད་གཞི་1 མགྲོན་ཁང་གི་འགན་འཁུར་བས་རིམས་འགོག་སྲིད་ཇུས་ལག་བསྟར་མ་བྱས་པའི་གྱོད་གཞི་1བཅས་ཚུད་ཡོད་པ་རེད།

      མིག་སྔར་ལྷ་ས་གྲོང་ཁྱེར་འདི་ཉིད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ལྷོད་གཡེང་སྤུ་ཙམ་མི་བྱེད་པར། སྤྱི་དམངས་ཀྱི་འོས་འགན་ཏན་ཏིག་ངང་སྒྲུབ་པ་དང་མི་སྒེར་གྱི་འགན་འཁྲི་འཁུར་ནས། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བྱ་དགོས།

  • 顶