ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་འཐུས་མིར་མཇལ་འཕྲད་གནང་།

2022-08-31
357

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་འཐུས་མིར་མཇལ་འཕྲད་གནང་།

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་འཁུར་ཕོད་པར་བྱེད་དགོས་པའི་སྐུལ་ལྕག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མཇལ་འཕྲད་ལ་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་ནས་གཟེངས་བསྟོད་ཚོགས་ཆེན་སྟེང་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཇལ་འཕྲད་ལ་ཞུགས་ཏེ་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་བྱས།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་དུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་ཕེབས་སྐབས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁྱབ། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་འདྲ་པར་བསྐྱོན།

ཧན་ཀྲིན་གྱིས་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས་ཞེས་པ་སྒྲོག་འདོན་བྱས། གཏན་འབེབས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་ལ་ཉེ་བའི་སྐབས་འདིར།  སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེའི་གཞུང་ཞབས་པ་དང་གཞུང་ཞབས་པས་ཐུན་མོང་འབད་འབུངས་ཀྱི་བཞུད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུའུ་ཆིན་སོགས་བློ་མཐུན་སུམ་བརྒྱ་གོ་བདུན་ལ་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་མཚན་སྙན་གནང་རྒྱུ་དང་། པེ་ཅིང་ལིས་ཙི་དངུལ་རྩའི་ཚོང་དོན་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཐུན་མོང་བརྒྱ་དང་གོ་བརྒྱད་ལ་རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་གི་མཚན་སྙན་གནང་རྒྱུའི་གཏན་འབེབས་བྱས་པ་ཡིན།

ཝང་ཧུའུ་ཉིང་གིས་ཚོགས་ཆེན་སྟེང་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེའི་སྟེང་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱལ་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ལ་གཟེངས་བསྟོད་ཆེན་པོ་གནང་བ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པར་བྱམས་བརྩེའི་ངང་ཐུགས་ཁུར་གནང་བ་བཅས་ལེགས་པར་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུར་ཆེད་དུ་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། དུས་རབས་གསར་པའི་གཞུང་ཞབས་པའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། བཞུད་ལམ་གསར་པའི་སྟེང་དུ།  རྒྱ་ཆེའི་གཞུང་ཞབས་པས་སྣེ་ཁྲིད་དེ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གཙིགས་སུ་འཛིན་པ་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ངོས་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཀུན་གྱི་སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་མིག་དཔེ་རུ་འགྱུར་བར་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་གང་ལེགས་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་རུ་འགྱུར་བར་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ལམ་ལུགས་བརྩི་སྲུང་དང་ལམ་ལུགས་ལག་བསྟར་གྱི་མིག་དཔེ་རུ་འགྱུར་བར་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ཀུན་སྤྱོད་ལེགས་སྐྱོང་དང་རང་གཅུན་བློ་སྦྱོང་། སྤྱོད་གཙང་རིག་གནས་བཅས་ཀྱི་མིག་དཔེ་རུ་འགྱུར་བར་བྱེད་དགོས། ཏང་གིས་གཞུང་ཞབས་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ། ཏང་གིས་བློ་གཏད་ཆོག་པ་དང་མི་དམངས་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་སྡེ་ཅིག་འཛུགས་སྐྲུན་གང་ལེགས་བྱེད་དགོས།

ཏིན་ཞུའེ་ཞང་དང་ཧུའུ་ཁྲུན་ཧྭ། ཧོང་ཁུན་མེན། ཞའོ་ཅེ་བཅས་མཇལ་འཕྲད་དང་ཚོགས་ཆེན་ལ་ཞུགས། ཁྲིན་ཞི་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་ལ་འགོ་འཛིན་བྱས།

ཚོགས་ཆེན་སྟེང་དུ་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་། གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་གི་འཐུས་མིས་ཚོགས་ཐོག་ནས་གཏམ་བཤད།


  • 顶 0