2022ལོའི་ཟླ་8པའི་ཚེས་29ཉིན། བོད་རང་སྐྱོང་ལྗོངས་སུ་འཚོགས་པའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཅིག་པའི་སྟེང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་ཀྲོའུ་ཨན་གྱིས། རིམས་ནད་ཐོན་པ་ནས་བཟུང་། བོད་ལྗོངས་ཚོང་དོན་མ་ལག་གིས་འཚོ་བའི་ངེས་མཁོའི་དངོས་རྫས་མཁོ་སྤྲོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད་པ་དང་། མིག་སྔར་རང་སྐྱོང་ལྗོངས་རིམ་པའི་ཏུན་3000ཡི་སྔོ་ཚལ་གྲབས་གསོག་བྱས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་འདུག
སྤྱི་ཟླ་8པའི་ཚེས་28ཉིན་བར། བོད་ལྗོངས་ཀྱིས་ཆུ་འབྲས་ཏུན་8200གྲབས་གསོག་བྱས་ཡོད་པ་དེ་རིམས་ནད་མ་ཐོན་གོང་ལས་ཧ་ལམ་ལྡབ་1འཕར་ཡོད་པ་དང་། བཟའ་སྣུམ་ཏུན་895གྲབས་གསོག་བྱས་ཡོད་པ་དེ་རིམས་ནད་མ་ཐོན་གོང་ལས་ལྡབ་1.5འཕར་ཡོད། བྱ་སྒོང་ཏུན་250གྲབས་གསོག་བྱས་ཡོད་པ་དེ་རིམས་ནད་མ་ཐོན་གོང་ལས་ལྡབ་4.6འཕར་ཡོད། སྔོ་ཚལ་ཏུན་3540གྲབས་གསོག་བྱས་ཡོད་པ་དེ་རིམས་ནད་མ་ཐོན་གོང་ལས་ལྡབ་1འཕར་ཡོད། ཤ་རིགས་དང་། འོ་བཟོས་ཐོན་རྫས། གྲོ་ཞིབ། ཤིང་ཏོག་བཅས་རིམས་ནད་མ་ཐོན་གོང་གི་མང་ཉུང་དང་འདྲ་པོ་ཡོད། རིགས་ཁག་གི་ཟས་རིགས་ཚང་མ་མཛོད་ཉར་བྱེད་ཚད་ཅུང་མང་ཞིང་རིན་གོང་ཡང་སྤྱིའི་ཆ་ནས་བརྟན་པོ་ཡོད། དེ་དང་ཆབས་ཅིག ཞིབ་འཇུག་བརྡར་གཅོད་བྱས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་རིམ་པ་གཉིས་ཀྱི་སྲིད་གཞུང་གི་ཤ་རིགས་གྲབས་གསོག་མང་དུ་གཏོང་རྒྱུའི་རེ་ཞུ་བྱས་ནས་དུས་ཚོད་དམ་འཛིན་གྱིས་གྲབས་གསོག་བྱེད་བཞིན་ཡོད་པ་རེད།
ཀྲོའུ་ཨན་གྱིས། གོམ་སྟབས་རྗེས་མར་དུས་མཚམས་སྔ་མའི་ཉམས་མྱོང་ནན་ཏན་སྒོས་ཕྱོགས་སྡོམ་བྱས་ཐོག ཁེ་ལས་ལ་དངོས་ཟོག་གྲབས་གསོག་ཐད་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དང་། ཞིང་ལྗོངས་བརྒལ་བ་དང་ས་གནས་དང་གྲོང་ཁྱེར་བརྒལ་བའི་སྐྱེལ་འདྲེན་ཐད་མཐུན་སྦྱོར་བྱས་ནས་ཤར་གཏོང་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ། མཁོ་སྤྲོད་འགན་ལེན་བྱེད་པའི་ཁེ་ལས་དང་ཚོང་ཁྲོམ་ཆེ་གྲས། སྡེབ་ཚོང་ཁྲོམ་ར། གློག་རྡུལ་ཚོང་དོན་སྟེགས་བུ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་མཁོ་སྤྲོད་སྡེབ་སྐྱེལ་མ་ལག་བརྟན་པོ་ཡོང་རྒྱུར་འགན་ལེན་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བསྟན་འདུག
འཕྲིན་སྟེགས། weikangba