
སྤྱི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་ལྔ་བཅུའི་ཐོག བོད་ལྗོངས་སློབ་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ། བཟོ་རིག་རྒྱ་མཚོའི་ཕ་མཐར་སོན་པའི་ལྷ་རིས་པ་ཆེན་པོ་བསྟན་པ་རབ་བརྟན་མཆོག་སྐུ་མྱ་ངན་ལས་འདས་ཤིང་། འདི་ནི་བོད་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་གྱོང་གུད་ཆེན་པོ་ཞིག་ཡིན་པས། གདུང་སེམས་ཚད་མེད་ཞུ།

དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་ལགས་ནི་༡༩༤༡ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་འཁྲུངས་ཤིང་། ༡༩༨༤ལོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ཆེད་ལས་དགེ་རྒན་གྱི་འགན་བཞེས། ༡༩༨༩ལོར་བོད་ལྗོངས་སློབ་ཆེན་དང་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱི་རྒྱལ་ཡོངས་ཀྱི་སློབ་གཉེར་གྲུབ་འབྲས་ཕུལ་དུ་བྱུང་བའི་བྱ་དགའ་དང་། ༡༩༩༠ལོར་ཝུའུ་ཙུའོ་རེན་གྱི་རྒྱལ་སྤྱིའི་མཛེས་རྩལ་སློབ་གསོའི་ཐེབས་རྩའི་བྱ་དགའ་ཡང་ཐོབ། ༡༩༩༡ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཆེད་ལས་པའི་མཚན་སྙན་ཐོབ། ལོ་དེར་སའི་གོ་ལ་ཞེས་པའི་བརྩམས་ཆོས་ལ་ཀྲུང་གོ་དང་འཇར་པན་གྱིས་མཉམ་གཉེར་བྱས་པའི་དུས་བཞིའི་མཛེས་འགྲེམས་ཁྲོད་ཟངས་ཀྱི་བྱ་དགའ་ཐོབ། ༡༩༩༢ལོར་དཔལ་ལྡན་ལྷ་མོ་ཞེས་པའི་བརྩམས་ཆོས་དེར་ཀྲུང་གོའི་སྐབས་གཉིས་པའི་མི་རིགས་རིག་གནས་འགྲེམས་སྟོན་སྟེང་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། ༡༩༩༥ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་བྱ་དགའ་ཆེས་མཐོ་ཤོས་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ། ༡༩༩༧ལོར་ཙེང་ཞན་ཙེ་ཡི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་རིམ་པ་གཉིས་པའི་བྱ་དགའ་དང་། བོད་ལྗོངས་མཛེས་རྩལ་མཁས་པའི་ལྷན་ཚོགས་ཀྱི་ལས་འཛིན་དང་བོད་ལྗོངས་དམངས་ཁྲོད་མཛེས་རྩལ་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས། ཁོང་གི་བརྩམས་ཆོས«བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས»དང་། «བོད་ཀྱི་མཛེས་རྩལ་ལོ་རྒྱུས»«བོད་རྒྱ་དང་རྒྱ་བོད་མཛེས་རྩལ་ཚིག་མཛོད»སོགས་དཔེ་སྐྲུན་གནང་བ་དང་། དཔྱད་རྩོམ་ཁག་༢༠ལྷག་སྤེལ་གནང་ཡོད།

འཕྲིན་སྟེགས། weikangba