ཟླ8ཚེས28ཉིན། ཧུང་ཡོན་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་རིམས་འགོག་ས་ཚིགས་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ས་ཚིགས་སོགས་སུ་བསྐྱོད་དེ། གསར་དུ་བཟོས་པའི་རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་ཟངས་ཆེན་སྨན་ཐང་དེ་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣ་དང་མང་ཚོགས་ཀྱི་ལག་ཏུ་བསྐྱལ་བ་དང་འབྲེལ་འཐུང་ཐབས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས།
དངོས་གནས་འཐུས་ཚང་རེད། ཀྲུང་ལུགས་སྨན་རྫས་དེའི་བྲོ་བ་ནི་ཇ་འཐུང་བ་ལྟར་ཧ་ཅང་ཞིམ་པོ་འདུག ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་ཞེས་ནོར་བུའི་ཐང་ཆེན་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་མཁན་གྱི་མང་ཚོགས་རྣམས་ཀྱིས་སྨན་དོན་མི་སྣའི་ལག་ནས་རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་སྨན་ཐང་བླངས་ནས་བྲོ་བ་མྱངས་ཞོར་བསྔགས་བརྗོད་ཡང་ཡང་བྱས།
གསར་འགོད་པས་སྨན་དོན་མི་སྣའི་ས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རིམས་འགོག་ཀྲུང་ལུགས་སྨན་རྫས་རིན་མེད་ངང་སྤྲད་པ་དེ་ནི་རིམས་ནད་ཐོན་ཚུན་ཧུང་ཡོན་རྫོང་མི་དམངས་སྨན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་སྔོན་སྨན་ཁང་གིས་རིན་མེད་ངང་རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་ཟངས་ཆེན་སྨན་ཐང་ཁུག་མ་འབུམ2ཁྲི5ཙམ་སྤྲད་པ་དང་། རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་དྲི་ཞིམ་ཁུག་མ་ཁྲི་6ཙམ་སྤྲད་པས་སྤྱི་ཚོགས་སྟེང་དགའ་བསུ་ཆེན་པོ་ཐོབ།
ཛ་དྲག་ཆེ་བའི་རིམས་ནད་ཀྱི་དུས་བབ་ལ་དམིགས་ནས་ཧུང་ཡོན་རྫོང་མི་དམངས་སྨན་ཁང་གིས་རང་འགུལ་ངང་ཉིན་བསྟུད་མར་རིམས་འགོག་ཟངས་ཆེན་སྨན་ཐང་བཟོས་ཏེ་རྫོང་ཁོངས་ཀྱི་རིམས་འགོག་ས་ཚིགས་དང་། སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ས་ཚིགས། ཞིང་ཟོག་ཉོ་ཚོང་ཁྲོམ་ར། སྣུམ་མཛོད། རླངས་འཁོར་འབབ་ཚུགས། རྒན་གསོ་ཁང་སོགས་སུ་བསྐྱོད་ནས་རིན་མེད་ངང་ས་ཁོངས་ཧྲིལ་པོར་ཡོངས་སུ་ཁྱབ་པར་བྱས་པ་མ་ཟད། རྒྱུན་མི་ཆད་པར་སྨན་ཐང་བཟོས་ནས་མང་ཚོགས་ལ་སྤྲད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཧུང་ཡོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་རེད།
སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་ལྟར་ན། མིག་སྔར་རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་ཟངས་ཆེན་སྨན་ཐང་ཁུག་མ་འབུམ1ཁྲི5ཙམ་དང་། རིམས་འགོག་ཀྲུང་ལུགས་སྨན་རྫས་ཀྱི་དྲི་ཞིམ་ཁུག་མ་ཁྲི5ཙམ་གྲ་སྒྲིག་བྱས་ཡོད་ལ། ཕན་པ་ཐོབ་ཡུལ་མི་གྲངས་འབུམ1ལྷག་ཙམ་ཟིན་ཡོད་པས། ཕྱིན་ཆད་ཀྱང་སྨན་ཁང་གིས་བྱེད་སྒོ་འདི་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞེས་བཤད།
འཕྲིན་སྟེགས། weikangba