སྟག་རིག་འབྲུག་ཐར་གྱི་སྙན་རྩོམ《སྨོན་འདུན་བྱུ་རུ་དམར་ཆུང》།

2016-03-28
325
   སྨོན་འདུན་བྱུ་རུ་དམར་ཆུང་། 

 

         སྟག་རིག་འབྲུག་ཐར། ༼མཚོ་ལྷོ༽

    ལ་ལུང་ཡུལ་གྲུ་ཀུན་ཏུ་གཞི་བཅས་པའི།།

 

  གནམ་གྱི་ཕྱེད་ཀར་འབོད་པའི་བུད་མེད་ཚོའི།།

  ལོ་ཡི་ཁྱུད་མོ་འཁོར་ལོའི་བང་འགྲོས་ཀྱིས།།

  ཁོ་ནར་དབང་བའི་དུས་ཆེན་སྤྲོ་བས་བསུ།།

  བརྩེ་བ་གསེར་ཟམ་མི་འགྱུར་བརྟན་པའི་སླད།།

  ཕུགས་རེའི་བརྩེ་བ་ཏབ་ཅིག་མྱོང་བའི་ཆེད།།

  སེམས་གྲོགས་དགའ་མགུའི་པད་མོ་འཛུམ་པའི་དོན།།

  རིན་བྲལ་མིག་འཕྲོག་དངོས་པོའི་སྐྱེས་ཆེན་འབུལ།།

  འོན་ཏེ་ནང་སེམས་རླབས་ཕྲེང་ཟེགས་མའི་རྩེ།།

  དྭངས་གསལ་མུ་ཏིག་བརྒྱུས་འདྲའི་སྙིང་གི་ནོར།།

  དབྱངས་གསལ་སོ་བཞིའི་ལེགས་ཚོགས་རྟེན་འབྲེལ་བཅུད།།

  དུས་ཆེན་འདི་ལ་སྤྲོ་བས་འདེགས་པར་རིངས།།

  གཡུ་བྱུར་རྒྱུ་ཡིས་དྲངས་པའི་གཉའ་གནོན་ལ།།

  ད་ཆའི་སྡུག་ཡུས་ཁུར་བའི་མནའ་མར་གྱུར།།

  རྔུལ་ཁྲག་ལྷན་དུ་བསྲེས་པའི་རིན་དོད་ལ།།

  མ་འོངས་ཨ་མའི་ཆོ་ལོ་རྒྱབ་ལ་ཁུར།།

  ལོ་ཟླའི་རྡུང་རྡེག་དྲག་པོ་ཐོད་ལ་དཔྱངས།།

  མིག་ཆུའི་སྐྱོ་ངལ་ན་བུན་ཡིད་ལ་འཐིབས།།

  གླིང་བཞིའི་མི་ཁར་མནོ་བསམ་རབ་བཞེས་ཏེ།།

  ལོ་ལོའི་འོད་སྟོང་འབྱུང་འགྱུར་གཙུག་ཏུ་བཀུར།།

  སྡུག་བསྔལ་གྲང་ལྷགས་རྗེས་ཀྱི་སྦྲང་ཆར་ལ།།

  དཀའ་བའི་ཁུར་ཙ་གདོང་གིས་བསུས་གྱུར་ན།།

  གཏན་འདུན་རེ་བའི་འཛིན་མའི་ཐོང་ག་རུ།།

  བདེ་སྐྱིད་ཡིད་འོང་ལོ་འབྲས་རབ་སྨིན་ཏེ།།

  ཤེས་བརྩོན་གསེར་གྱི་སྣོད་བཟང་བུམ་པ་ལ།།

  དཔོག་འདོད་ཡོན་ཏན་འོ་མའི་ངད་ཁ་ལྡང་།།

  འདོད་འདུན་གངས་སེང་དཀར་མོའི་ང་རོ་ལ།།

  ཕོ་མོ་འདྲ་མཉམ་དབང་ཐང་འཁྱིལ་བར་ངེས།།

  ཤ་རྩ་བྱུ་རུའི་མདངས་ལས་མཛེས་པ་གཅིག།

  མིག་རྩ་ཁྱུང་གི་ཁྲ་ལས་གསལ་བ་གཉིས།།

  སོ་རྩ་དུང་གི་དཀར་ལས་དྭངས་མོ་གསུམ།།

  སྒྲོལ་མའི་སྐུ་ལ་ཅོ་འདྲིའི་མོ་སྒོ་ཤོག།

  གཡུག་ཡོད་རླུང་ནག་འཚུབ་མའི་ལས་ཀ་ཅན།།

  ཁྲེལ་ལྡན་ཀུན་མཐུན་མེ་ལོང་དྭངས་ཤ་ཅན།།

  ཐུགས་དཀར་བྱང་ཆུབ་སེམས་དཔའི་རྗེས་འཇུག་ཅན།།

  ཡིད་འཕྲོག་ལྷ་མོའི་ཐུགས་རྒྱུད་ཕྱུག་པར་ཤོག།

  ལས་བསོད་རླུང་རྟའི་མཐའ་ཐང་རབ་རྒྱས་ཤིང་།།

  ཚེ་རིང་ནད་མེད་འདོད་དོན་ལྷུན་འགྲུབ་ཀྱི།།

  བཀྲ་ཤིས་སྨོན་ཚིག་དུང་གི་སྒྲ་སྙན་མོ།།

  འཇིག་རྟེན་སྐྱེས་མའི་ཐོས་འཛིན་སྒོ་མོར་འབུལ།།

  

  • 顶