ང་དང་དཔེ་ཀློག

2018-01-19
184

ང་དང་དཔེ་ཀློག

  _____འཛི་གུར་ཀུམ། 

  དཔེ་ཀློག་གི་གལ་ཆེན་རང་བཞིན་གཞན་དང་གཞན་དུ་གསལ་བས་ཞིབ་བཤད་ཀྱི་ངལ་བ་བརྟེན་དགོས་དོན་མེད་མོད། འོན་ཏེ་དཔེ་ཀློག་གི་འདུ་ཤེས་འཛིན་སྟངས་བཟང་ངན་ཐོག་ནས་བལྟས་ན། མི་རིགས་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་མཚམས་ཀྱང་གསལ་བོར་མངོན་ཡོད་དེ། གང་སྔོན་ཐོན་མི་རིགས་ཤིག་ལ་མཚོན་ན་དཔེ་ཀློོག་ལ་སྤྲོ་ཞིང་། དཔེ་ཀློག་ནི་ཆེས་རྒྱུན་ལྡན་དང་དགོས་གལ་ཆེ་བའི་བྱ་བ་ཞིིག་ལ་བཟུང་ཚོད་རེད་ལ། རང་གི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཛེས་སྡུག་ཅིག་ཏུ་སྲུང་རྩིས་བྱས་ཡོད་པ་རེད། དཔེར་ན་ཡ་ཧུ་དཱ་པའི་མི་རིགས་སོགས་ལྟ་བུ་རེད་དེ། ཁོང་ཚོའི་བསམ་སྤྱོད་ཀུན་དེ་འདྲའི་ཁྱད་མཚར་ཞིག་ཡིན་པ་དང་། ཁོང་ཚོར་དེ་འདྲའི་རླབས་ཆེན་གྱི་མཁས་དབང་དུ་མ་འཁྲུངས་དོན་ཚང་མ་གནད་དེད་ན་ཁོང་ཅག་དཔེ་ཆར་དགའ་ཞིང་། དཔེ་ཀློག་རྒྱུན་བསྲིང་གིས་དགེ་མཚན་ཁོ་ན་རེད་ཟེར་ཆོག་འདུག 

  ལར་རྗེས་ལུས་ཀྱི་མི་རིགས་དག་དང་། ལྷག་དོན་འོ་སྐོལ་གྱི་མི་རིགས་འདི་ནི་དཔེ་ཀློག་ལ་མི་སྤྲོ་ཞིང་། དཔེ་ཀློག་ནི་ཁུར་བོ་ལྷག་མ་ཞིག་ཏུ་ལྟ་ལ། དཔེ་ཆ་ཀློག་པ་ནི་སྒྲོམ་ཉམས་ངོམ་པ་ཙམ་ལས། རང་གི་རྒྱུན་ལྡན་གྱི་འཚོ་བ་ཞིག་དང་། དགོས་མཁོ་ཆེ་བའི་བྱ་བ་ཞིག་ལ་གོ་ཡི་མི་འདུག་པས། རང་ཉིད་ཀྱི་བསམ་སྤྱོད་ཡར་རྒྱས་དང་། མི་རིགས་ཀྱི་ངོས་ནས་ཡར་རྒྱས་མེད་པའི་གནད་དོན་འདི་བྱུང་ཡོད། 

  རང་རེས་དཔེ་ཆ་ཡོད་རུང་དཔེ་སྒྲོམ་ནང་བརྩིགས་ཏེ་མཆོད་འབུལ་བྱེད་ས་ཙམ་ལས་བཀླག་རྒྱུའི་འདུ་ཤེས་ཅི་བས་ཕྲ་བ་ཡིན། རེད་དེ། རང་རེའི་མང་ཚོགས་བྱིངས་ཤེས་རྨོངས་ཡིན་པས་ཁག་ཅི་ཡོད། རང་རེའི་སློབ་སྦྱོང་པའི་སྡེ་ཟེར་ན་ཆོག འུ་ཅག་གི་ན་གཞོན་དག་ཀྱང་དཔེ་ཆར་མི་དགའ་ཞིང་། དཔེ་ཀློག་ལ་མི་སྤྲོ་བ་འདི་ནི་ཅི་བས་ཡིད་སྐྱོ་བའི་གནས་རེད། དེའི་རྐྱེན་གྱིས། རང་རེའི་སློབ་སྦྱོང་པའི་སྡེར་བསམ་སྤྱོད་གང་ནས་བལྟས་རུང་ཡར་རྒྱས་ཕར་ཞོག་མར་འགྲིབ་ཀྱི་གཡང་ཁར་ལྷུང་བཞིན་པའི་སྐྱོ་གར་འདི་བྱུང་བའང་དཔེ་ཀློག་ལ་དགའ་བོ་མེད་པས་ཉེས་པའོ།། གོང་བཤད་དག་ནི་སྤྱི་འགྲོས་ནས་གླེང་བ་ཙམ་ཡིན། ད་ནི་རང་སྒེར་གྱི་ལྟ་ཚུལ་ཐོག་ཏུ་དབབ་བར་བྱའོ།། 

  ཆེས་བཟང་བའི་སློབ་སྦྱོང་ནི་དཔེ་ཀློག་ཡིན། 

  སྤྱིར་གོམས་སྲོལ་ལྟར་ན་སློབ་སྦྱོང་ཟེར་བ་ནི་གྲྭ་ས་དང་སློབ་གྲྭ་གང་རུང་དུ་དགེན་བསྟེན་ཏེ་སློབ་ཁྲིད་ཉན་བཞིན་སྦྱང་བ་ལ་བཟུང་ཡོད་མོད། དེས་ཤན་གྱིས་བདག་ལ་གློ་ཉེ་བའི་གྲོགས་མང་དག་ཅིག་གིས། ཁྱོད་ཀྱིས་སློབ་སྦྱོང་བྱེད་ཀྱིན་མི་འདུག་ཨ། ད་སློབ་སྦྱོང་བསྐྱུར་ཡོད་དམ་སོགས་དངོས་དང་ཟུར་ནས་ལབ་ཡོང་ལ། ད་དུང་ལ་ལས་ད་ཆ་ཁྱོད་གྲྭ་ས་དང་སློབ་གྲྭ་གང་ན་འདུག་མེད་པས། སྐྱིད་ཉལ་ཙམ་གྱིས་ཉི་མ་འཕུལ་འདུག་ཡོད་རྒྱུ་རེད་ཅེས་བཤད་བྱུང་།འོན་ཏེ། ཁོ་བོས་འདི་ལྟར་སེམས་ཀྱིན་ཡོད་དེ། མ་གཞི་སློབ་སྦྱོང་བྱེད་དགོས་ན་གྲྭ་ས་དང་སློབ་གྲྭ་ཞིག་འགྲིམ་དགོས་པའི་ངེས་པ་ཁྱོན་ནས་མེད་ལ། དགེ་རྒན་དང་སློབ་གྲོགས་ཤིག་ལ་འགྲོག་དགོས་པའི་ངེས་པ་དེ་བས་མེད། དགེ་རྒན་དང་སློབ་གླིང་དག་སློབ་སྦྱོང་པ་ཞིག་ལ་མཚོན་ན་ཐོག་མའི་སྔོན་འགྲོའི་ཆ་རྐྱེན་དུ་བརྒྱུད་དགོས་ངེས་ཤིག་ཡིན་པ་ལས། མི་ཞིག་གི་མི་ཚེའི་སློབ་སྦྱོང་མཐའ་དག་འདི་ལྟར་བཟུང་ན་ཆེས་མི་འགྲིག་པར་འདོད་ཡོད། བདག་གིས་རྒྱུན་དུ་སློབ་སྦྱོང་པ་ཞིག་ཡིན་ཕྱིན་ཐོག་མར་སློབ་གྲྭ་དང་ཆོས་གྲྭ་དག་འགྲིམ་ཏེ་སློབ་སྦྱོང་བྱེད་རྒྱུ་གལ་ལོས་ཆེ་མོད། རང་གིས་དཔེ་ཀློག་གི་མགོ་ཐོན་པ་ནས་རང་དབང་གི་སློབ་སྦྱོང་ཞིག་ལ་ཕྱོགས་ན་འོས་པ་ལས། མི་ཚེ་གང་བོར་དགེ་རྒན་ཞིག་གི་མདུན་ནས་ཁ་གདངས་ཤིང་། སློབ་ཁྲིད་ཡ་མ་བརླ་རེའི་དོན་དུ་འདུར་རྒྱུག་ངང་ཟད་སོང་ན་གླེན་རྟགས་ཚ་བོ་ཞིག་རེད་སྙམ་ཡོད། སློབ་སྦྱོང་པ་ངོ་མ་ཞིག་ཡིན་ན། རང་ཉིད་གང་དུ་སོང་རུང་སྤྲོ་དགུའི་སློབ་གླིང་སྟབས་བདེ་ཞིག་ཡིན་པ་དང་། རང་ཉིད་གང་དུ་བསྡད་ཀྱང་ཆེས་རང་དབང་ལྡན་པའི་སློབ་སྦྱོང་ལྷོད་པོ་ཞིག་དང་ཁ་མ་བྲལ་པའི་གདམས་ངག་ལམ་ཁྱེར་རེ་ཡོད་དགོས་ལ་ཡོད་ཀྱང་འོས་པ་ཡིན། དེ་འདྲའི་གདམས་པ་དེ་ཆགས་ཡོད་ན་རང་ཉིད་དམིགས་བསལ་གྱིས་སློབ་གླིང་ཞིག་ལ་སྐྱོད་དགོས་དོན་མེད་ལ། རང་ཉིད་ཀྱིས་ཆེད་དུ་སློབ་སྦྱོང་ཞིག་འཚོལ་མི་དགོས་ཏེ། གང་དུ་འདུག གང་དུ་གནས་ཀྱང་དེ་ནི་སློབ་གླིང་ཡིན་ལ། དེ་ན་སློབ་སྦྱོང་རྒྱུན་མི་ཆད་པ་ཡིན། དེ་ལྟའི་མན་ངག་དཀར་པོ་གཅིག་ཐུབ་དེ་གང་ཞེ་ན། དེ་ནི་དཔེ་ཀློག་ཡིན་ཟེར་སྙིང་འདོད་དོ།།༡ དཔེ་ཀློག་ནི་ཆེས་རང་དབང་ལྡན་པའི་སློབ་སྦྱོང་ཞིག་ཡིན་ཏེ། སློབ་གྲྭ་དང་གྲྭ་ས་ལྟར་སྒྲིག་གཞི་མང་པོ་ཞིག་གིས་བསུན་གཙེར་མེད་ལ། མི་ཆོག་མི་འགྲིག་སོགས་ཚད་བཀག་དོག་མོའི་གཉའ་གནོན་མེད་པར་སྦྱང་འདོད་དུས་སྦྱོང་ཆོག་ལ། སྦྱང་མི་འདོད་དུས་བཞག་ན་ཆོག ད་དུང་འགྲོ་ཞོར་ཟ་ཞོར་ཉལ་ཞོར་དུ་སྦྱང་ན་ཆོག ༢ རང་གི་དགའ་ཕྱོགས་ལྟར་སློབ་ཆོག་པའང་དཔེ་ཀློག་ཡིན་ཏེ། སློབ་གྲྭ་དང་ཆོས་གྲྭ་དག་ཏུ་བསླབ་གཞི་གཏན་འབེབས་ལྟར་སློབ་དགོས་པ་ལས། རང་གིས་གང་འདོད་དུ་སློབ་མི་ཐུབ་ལ། དགའ་ཕྱོགས་ལྟར་དེ་བས་སློབ་མི་ཆོག དཔེ་ཀློག་ནི་དེ་ལྟ་ག་ལ་ཡིན་རང་གི་འདོད་བློ་དང་འཚམས་ལ། རང་གི་དགའ་ཕྱོགས་དང་འགྲིག་པའི་ལེགས་དེབ་བདམས་ནས་སློབ་སྦྱོང་བྱེད་ཆོག་པ་ཡིན། 

  ༣རང་གི་བསམ་བློ་གོང་འཕེལ་གཏོང་ཐབས་ཀྱང་དཔེ་ཀློག་ལས་མཆོག་ཅིག་མ་དམིགས་ཏེ། སློབ་གྲྭ་དང་ཆོས་གྲྭ་དག་ཏུ་བསམ་གཞིག་གི་སྒོ་དོག་ལ་སྒྲིག་གཞི་ལྟར་སློབ་སྦྱོང་རིམ་བཞིན་རྫོགས་དགོས་པས། དབྱེ་ཞིབ་དང་བསྐྱར་ཞིབ་ཀྱིས་གོ་སྐབས་ཕྲ་བ་ཡིན་ལ། དཔེ་ཀློག་ཁྲོད་བསྐྱར། ལྟ་བསྐྱར་ཞིབ། དཔྱད་རྟོག དོགས་འཇུག་སོགས་བསམ་གཞིག་གི་སྒོ་དུ་མ་ནས་འཛུལ་ཆོག་ལ།ནན་ཏིག་གིས་དབྱེ་བསལ་དང་ཞུན་ཐར་མང་པོ་བཏང་ཆོག་པས། རང་ལ་སྨིན་པའི་བསམ་བློ་འཕེལ་ཚད་ཀྱང་ཁྱོན་ནས་མི་མཚུངས་ལ་གཞི་ནས་འདྲ་ས་མེད་དོ།། ༤ད་དུང་ཆེས་ཐག་རིང་བའི་སློབ་སྦྱོང་ཡང་དཔེ་ཀློག་ཡིན་ཏེ། ཡུལ་ལུང་གི་རིས་བཅད་མེད་ལ། དུས་བརྒལ་གྱིས་བཀས་བཅད་མི་དམིགས། རྒྱུ་འབྱོར་གྱིས་ཚད་བཀག་མེད་པར་རང་གིས་ཅི་ལྕོགས་བར་དུ་སློབ་ཆོག་པ་ཡིན་པས། མི་ཚེ་གཅིག་གི་སློབ་སྦྱོང་ཡང་དཔེ་ཀློག་ལས་གང་དུ་འཚོལ་ཨང་། དེའི་ཕྱིར། སློབ་སྦྱོང་པ་ཞིག་ལ་མཚོན་ན། ཆེས་རང་དབང་ལྡན་ལ་ཆེས་སྒུལ་ཤུགས་ཆེ་བ་ནི་དཔེ་ཀློག་ཙམ་དུ་ཟད་དོ་ཟེར་དགོས་སོང་། བདག་ཀྱང་ད་བར་ཆོས་གྲྭ་ག་གེ་མོ་དང་སློབ་གྲྭ་ཆེ་གེ་མོར་བསྡད་མེད་པ་བདེན་མོད། དེ་ཙམ་གྱིས་བདག་གིས་སློབ་སྦྱོང་བྱེད་ཀྱིན་མེད་པ་མཚོན་མི་ནུས་ལ། སློབ་སྦྱོང་སྐྱུར་ཡོད་པ་དེ་བས་ཀྱང་གོ་མི་ནུས། དྲང་མོར་ཞུས་ན་སྔོན་ཆོས་གྲྭ་དག་ཏུ་འགྲིམ་དུས་ཀྱིས་སློབ་སྦྱོང་ལས་ཀྱང་ད་ཆའི་སློབ་སྦྱོང་ནི་རང་དང་ཉེ་ཞིང་། རང་གི་བསམ་བློ་གཤིས་སྤྱོད་ཀུན་ལ་སྨན་པའི་ལེགས་ཙམ་ཡོང་སྣང་ཤར་ཡོད། དེ་ནི་དཔེ་ཀློག་ཡིན་ནོ།། དེས་ན། བདག་དཔེ་ཆ་དང་མ་བྲལ་ཚེ་སློབ་སྦྱོང་དང་འབྲལ་མི་སྲིད་ལ། བདག་ལ་དཔེ་ཆ་ཡོད་པས་ས་གང་དུ་སོང་། གནས་གང་དུ་བསྡད་ཀྱང་སློབ་སྦྱོང་ཡོད་པ་ཡིན། དེ་རིང་སང་ཉིན་གྱི་བདག་གི་སློབ་སྦྱོང་ནི་དཔེ་ཀློག་ལ་བཅོལ་ཡོད་ལ། དཔེ་ཀློག་ལ་རེ་ནས་ཡོད། དེ་རིང་སང་ཁྱོད་ཀྱིས་སློབ་སྦྱོང་བྱེད་ཀི་མི་འདུག་འཁྱམ་ཁུལ་ཙམ་རེད་ཟེར་མཁན་ཚོས་ང་མ་རིག་པ་དང་མ་མཐོང་བ་ཡིན། རང་གིས་ཁོམ་ཚོད་ལྕོགས་ཚོད་ཀྱིས་དཔེ་ཆ་ཀློག་གི་ཡོད་པས་དེ་བས་སློབ་སྦྱོང་ཞིག་ག་ལ་དགོས། དེ་རིང་བདག་གི་སེར་གཟུགས་འདི་མ་བོར་བས། ཆོས་ཟབ་མོ་ཞིག་སྒྲུབ་འདོད་པ་དང་གྲྭ་པ་ལེགས་པོ་ཞིག་འཁྱོངས་སོང་བ་མིན་ནའང་། དཔེ་ཀློག་གི་གོ་སྐབས་ལེགས་པོ་ཞིག་ཡོད་པས། གོ་སྐབས་འདི་བོར་མ་བྲ་བར་སེར་གཟུགས་འདི་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ལྷག་སོང་།མ་འོངས་པ་ན་ངའི་སེམས་ཁྲལ་སྐྱེ་ས་གཙོ་བོ་དེའང་དཔེ་ཀློག་འདི་རྒྱུན་སྐྱོང་ཐུབ་བམ། དཔེ་ཀློག་འདི་དང་ཁ་བྲལ་ཨེ་འགྲོ་སྙམ་པ་དེ་ཡིན། དཔེ་ཀློག་འདི་དང་ཁ་བྲལ་མི་འགྲོ་བར་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད། ང་དཔེ་ཀློག་འདི་དང་ཁ་བྲལ་དགོས་ཐུག་ཚེ་ངའི་འཚོ་བ་ཤི་སོང་བ་ཡིན་ལ། གཏན་ཏུ་ནུབ་སོང་བ་ཡིན་ནོ།། 

  ཆེས་བཟང་བའི་དགེ་རྒན་ནི་དཔེ་ཆ་ཡིན། 

  སློབ་སྦྱོང་པ་ཞིག་ལ་མཚོན་ན། ཐོག་མར་བཤེས་གཉེན་ལེགས་པོ་ཞིག་བཙལ་ཏེ་ཁོང་གི་སློབ་ཁྲིད་དང་གདམས་ལ་ཉན་རྒྱུ་བརྒྱུད་དགོས་ཀྱི་གོ་རིམ་ཞིག་ཏུ་ངེས་མོད། ཚེ་གང་བོར་དགེ་རྒན་ཞིག་དང་འགྲོགས་ཏེ་ཁོང་གི་ཁར་ཉན་རྐྱང་བྱས་ནས་བསྡད་ན། དེ་ནི་ཁོ་བོས་ནོར་འཁྲུལ་ཚབས་ཆེན་ཞིག་ཏུ་མཐོང་། རང་མགོ་ཐོན་པ་དང་རང་ཚུགས་ཟིན་ཙམ་ནས། རང་ལ་རང་དབང་གི་བསམ་གཞིག་སྦྱིན་ཐུབ་མཁན་ཞིག་དང་། ངོ་སྲུང་དཀར་གནག་དང་བསྟུན་ཤེས་ཀྱིས་འཚོ་མི་དགོས་པའི་དགེ་རྒན་ཞིག་བསྟེན་དགོས་པ་ཡིན་ལ། འཚོལ་དགོས་པ་ཡིན། དེ་འདྲའི་དགེ་རྒན་དེ་དཔེ་ཆ་ཡིན་ཟེར་སྙིང་འདོད། དཔེ་ཆར་རྣམ་ཤེས་མི་མངའ་ནའང་། རྣམ་ཤེས་ཡོད་མཁན་དེ་ལས་ཀྱང་བརྒྱ་འགྱུར་གྱིས་ནུས་སྟོབས་ཆེ་བ་ཡིན། ༡དཔེ་ཀློག་གི་ཁྲོད་ནས་དཔེ་ཆའི་གསེང་ན་འཁྱིལ་ཡོད་པའི་ཤེས་རབ་ཀྱི་ཉིང་བཅུད་དེ། མ་བཅོས། མ་ལྷད། མ་བསྒྱུར་བར་ཁྱོད་ཀྱིས་ལོངས་སུ་སྤྱོད་ཆོག ༢ཆེས་དཀྱེལ་ཡངས་ལྡན་ནི་དཔེ་ཆ་ཡིན་ཏེ། ངོ་བསྟོད་དང་སྨད་ར་བྱས་པས་དགའ་སྡུག་མི་དོད་ལ། ཐོབ་མཐོ་དམན་ཤོར་བས་འཁུ་ལྡོག་མི་སྐྱེ་བར་ཁྱོད་ལ་ཆེས་བག་ཡངས་སྒོས་སློབ་ཁྲིད་བྱེད་ངེས་ཡིན། ༣ཆེས་འགྲོག་བདེ་བའི་དགེ་རྒན་ཡང་དཔེ་ཆ་ཡིན་ཏེ། ས་གནས་གང་དུ་སོང་། སྒོ་ཁྱིམ་གང་དུ་བསྡད་རུང་། ཟ་ཉལ་འགྲོ་ཆག་གང་གི་སྐབས་སུ་ཁྱོད་ལ་སློབ་སྦྱོང་གི་སྐལ་བ་སྤྲོད་ངེས་རེད།༤ དཔེ་ཆས། ཁྱོད་ལ་རང་དབང་གི་དོགས་སློང་དང་བསམ་གཞིག་བྱེད་བཅུག་ལ། ཁྱོད་ཀྱིས་སློབ་མི་འདོད་པ་དེ་བཙན་སྐུལ་མི་བྱ་ལ། ཁྱོད་ཀྱིས་གང་སློབ་འདོད་པ་དེ་སྒོ་བཀག་མི་བྱེད་དོ།།༥དཔེ་ཆར་རྒྱལ་པོ་གཤིས་ཀ་མི་དམིགས་ལ། ཟོལ་སྦྱོར་དང་ངོ་སྲུང་གི་ཚུགས་ག་མེད་པར། འདས་མ་ད་གསུམ་གྱི་ཤེས་རབ་དང་ཉམས་མྱོང་ཀུན་བསགས་བསྡོམས་བརྒྱབས་ཏེ་ཁྱོད་ལ་དམར་རྗེན་རྗེན་དུ་བསྟན་པ་ཡིན། དེའི་ཕྱིར། དགེ་རྒན་བཟང་པོ་ཞིག་ནི་དཔེ་ཆ་ལས་གང་དུ་འཚོལ་ཨང་། རྒྱུ་མཚན་དེ་དག་གིས། ང་དཔེ་ཆར་དགའ་ཞིང་།ངའི་མ་འོངས་པའི་དགེ་རྒན་དཔེ་ཆ་ཁོ་ན་ཡིན་ཞེས་ཐལ་སོང་ངོ་།། འདི་ནི་རང་གིས་དཔེ་ཀློག་ལ་བཅངས་པའི་རྣམ་འགྱུར་མངོན་སྟངས་ཤིག་ཡིན་པ་ལས། འདིས་དཔེ་ཀློག་ལ་མཐའ་སྡོམ་རྒྱག་མི་ཐུབ་ལ། འདི་ནི་རང་གིས་དཔེ་ཀློག་ལ་བཟུང་བའི་སེམས་ཚོར་བྱེ་བྲག་པ་ཞིག་ཡིན་པ་ལས། འདིས་དཔེ་ཀློག་གི་དགེ་མཚན་ཡོད་ཏོ་ཅོག་ལར་ནས་གླེང་ཐུབ་མེད་དོ།། 

                                                                               ༢༠༡༥/ ༡/༢༡ཉིན། 

  • 顶