༄༅།།རྒན་གུ་རུ་རྒྱལ་མཆོག་སྐུ་གཤེགས་ནས་བགྲང་བྱ་བརྒྱད་འདས་པའི་དྲན་རྟེན་དུ་ཕུལ་པ།

2016-11-28
411

༄༅།།རྒན་གུ་རུ་རྒྱལ་མཆོག་སྐུ་གཤེགས་ནས་བགྲང་བྱ་བརྒྱད་འདས་པའི་དྲན་རྟེན་དུ་ཕུལ་པ། 

  གཅོད་པ་དོན་གྲུབ།

 

མ་རིག་མུན་པ་སེལ་ལ་འཇིག་རྟེན་མིག། 

གདུལ་བྱ་རིས་མེད་སྐྱོང་ལ་ཕ་མ་བཞིན།། 

  གཞན་ཕན་རྒྱུད་ལ་མངའ་བའི་སྙིང་རྗེ་ཅན།། 

    སློབ་དཔོན་བཀའ་དྲིན་ཅན་ལ་གུས་པས་འདུད།། 

  

   ཆུང་བའི་དུས་ནས་བཅུ་ཕྲག་རིག་པའི་གནས།། 

    བསླབ་པར་སྤྲོ་བའི་རིག་བཟང་རྣམ་དཔྱོད་ཅན།། 

     ཁྱེད་ཀྱིས་བརྩོན་འགྲུས་ཆེན་པོས་རིག་བརྒྱའི་སྒོར།། 

   ལྷོད་མེད་འཇུག་པས་གྲུབ་འབྲས་གཡུར་དུ་ཟ།། 

  

 ཁྱེད་ལ་གཞུང་བརྒྱ་བཀྲོལ་བའི་བློ་རིག་རྣོ།། 

    ཕས་རྒོལ་སྟོང་ཕྲག་འདུལ་བའི་ཡོན་ཏན་མཆིས།། 

ལྟ་བ་ངོ་མཚར་ཅན་གྱི་ལྗགས་རྩོམ་ཡོད།། 

  ཀུན་གྱིས་སྐྱིད་སྡུག་ཤེས་པའི་སེམས་རྒྱ་ལྡན།། 

  

   སྐྱིད་ཅིང་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།། 

   འཇིག་རྟེན་ཆོས་བརྒྱད་དབང་དུ་མི་ཤོར་བའི།། 

     གང་ཟག་བརྒྱ་ལས་གཅིག་ཀྱང་མཐོང་དཀོན་ཡང་།། 

   ཁྱེད་ལ་རང་དོན་བསྐྱུར་བའི་བློ་སྟོབས་མངའ།། 

  

  བོད་ཡིག་སྡེ་ཁག་ཆེན་པོའི་མགོ་འཛིན་པའི།། 

    དབང་བསྒྱུར་མངའ་བའི་དུས་དང་རྣམ་པ་ཀུན།། 

    དགེ་སློབ་དག་ལ་ལྷག་བསམ་གདམས་པ་གནང་།། 

    ཕན་ཚུན་འབྲེལ་བ་འདྲ་མཉམ་གྲོགས་སུ་འཛིན།། 

  

  གཞུངས་རྒྱུད་དྲང་བ་རང་གི་ལྷན་སྐྱེས་ཡིན།། 

གཞན་དོན་སྒྲུབ་པ་རང་གི་སྤྱོད་པ་ཡིན།། 

  བློ་ལྡན་སྐྱོང་བ་རང་གི་དམིགས་འབེན་ཡིན།། 

ཀུན་ལ་མཐུན་པ་རང་གི་གཤིས་ཀ་ཡིན།། 

  

     དྲང་བདེན་སྐྱོང་སླད་དབང་ཆེན་གང་མཐོང་ཡང་།། 

    རང་མགོ་གོས་ཀྱིས་གཡོགས་ནས་མི་འདུག་ཅིང་།། 

གཡོ་མེད་གཏམ་གྱི་རལ་གྲི་རྣོན་པོ་ཡིས།། 

    གནད་སར་དོགས་མེད་བསྣུན་པའི་སྤོབས་པ་རྨད།། 

  

     སྔོན་བྱོན་མཁས་ཆེན་དམ་པའི་ལེགས་བཤད་རྣམས།། 

      གཙུག་ཏུ་བཀུར་ནས་སྦྱངས་བརྩོན་གང་ལེགས་མཛད།། 

  འགྲོ་བ་སེམས་ཅན་ཕན་བདེ་ཡོང་བའི་ཕྱིར།། 

    ནམ་རྒྱུན་ཀུན་ལ་དོན་ལྡན་གདམས་པ་འདོམས།། 

  

   འདོད་ཆུང་ཆོག་ཤེས་རྒྱལ་སྲས་སྤྱོད་པའི་དཔལ།། 

      ཡིད་ངོར་དམ་པོར་བཅངས་པའི་བརྟུལ་ཞུགས་འཛིན།། 

      བརྣབ་སེམས་གནོད་སེམས་དུག་ལྡན་ཉག་ཕྲན་མདའ།། 

  ནམ་དུས་འགོག་པའི་གོ་ཁྲབ་བཙན་པོ་གྱོན།། 

  

  དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པ་དང་།། 

     དབང་རྟུལ་དད་པའི་རྗེས་སུ་འབྲངས་གསུང་བཞིན།། 

    ཁོང་ཉིད་རྒྱུ་མཚན་རྟོགས་པའི་དད་འདུན་རྗེས།། 

  ནམ་ཡང་འཇུག་པའི་ཡོན་ཏན་ཁོང་དུ་ཆུབ།། 

  

     སྔོ་བསངས་དབྱིངས་ལས་སྤྲིན་པ་དཀར་ནག་ཚོགས།། 

 དབང་མེད་རྒྱུ་བའི་རྣམ་པ་གང་ཤར་ཡང་།། 

    ཁྱེད་ཀྱི་བློ་སེམས་བརྟན་བརླིང་འགྱུར་མེད་ངང་།། 

    གངས་ཅན་རིག་གནས་སྲུང་སྐྱོང་བགྱིད་པར་བྲེལ།། 

  

 ཆུ་གཏེར་རླབས་ལས་མེ་ལྕེ་མི་འབྱུང་ཞིང་།། 

 རི་བོང་གཙུག་ལས་ལུག་རྭ་མེད་པ་བཞིན།། 

ཁྱེད་ཀྱི་ཞེ་རྒྱུད་དྲི་མེད་རྣམ་དག་ལས།། 

རྫུན་དང་ཕྲ་མ་གཡོ་གཏམ་ཡོད་རེ་སྐན།། 

  

  སྙིང་གཏམ་དྲོན་མོ་འོད་ཀྱིས་དགུན་ཟླ་གསུམ།། 

      འཁྱགས་གྲང་དྲགས་པོས་བསྡམས་ཀྱང་དྲོད་ཀྱིས་ཁེངས།། 

     གནོད་སེམས་ངན་ཚིག་དུག་མདའ་གཅིག་གིས་ཀྱང་།། 

      དབྱར་གསུམ་དྲོད་ལྡན་ཡིན་ཀྱང་འཁྱགས་ཀྱིས་བསྡམས།། 

  

 དེ་བཞིན་ཁོང་གིས་ནམ་རྒྱུན་འཚོ་བའི་ཁྲོད།། 

  ཀུན་ཕན་བསླབ་བྱ་དྲོད་མོས་བློ་གསལ་རྣམས།། 

    སྙིང་གིས་བསྐྱངས་ཀྱང་མི་འདོད་ངན་ཚིག་མདས།། 

 གང་སར་འཕེན་པའི་སྲོལ་ངན་རྒྱུད་ན་མེད།། 

  

     གཞན་སེམས་དཀྲུགས་པའི་ངན་སེམས་དུག་དྲི་མེད།། 

  རང་རིགས་ལ་རྒྱར་གནོད་པའི་ཚིག་ངན་མེད།། 

  རང་ཚུགས་ཤོར་བའི་སྡེར་མའི་སྤྱོད་ཚུལ་མེད།། 

     འདི་ཡང་འཇིགས་ཕུན་ཚང་གི་གསུང་དང་འཚུངས།། 

  

  ཚང་ཚིང་རྒྱ་རྫོང་དཀྱིལ་ན་འདབ་ཆགས་མང་།། 

ཁུ་བྱུག་སྔོན་མོ་མེད་ན་སྟོང་བ་འདྲ།། 

   ཟང་ཟིང་གྲོང་ཁྱེར་མཛའ་གྲོགས་བརྒྱ་ཡོད་ཀྱང་།། 

 སྙིང་གྲོགས་ཁྱེད་ལགས་མེད་ན་སྟོང་བ་འདྲ།། 

  

  ཁྱེད་ཀྱི་ལྷག་བསམ་དཀར་བོའི་ཞལ་གསུང་དང་།། 

  རྩེད་དགའི་འཛུམ་གྱིས་ཁེངས་པའི་ཀུ་རེ་རྣམས།། 

དྲན་པའི་དུས་སུ་སྐྱོ་གདུང་དྲགས་པོ་ཡིས།། 

 མནར་བའི་མིག་ཆུ་དབང་མེད་ཁོག་ཏུ་བཞུར།། 

  

སྐྱིད་པའི་ཇ་ཆང་མཉམ་བཞེས་ཉིན་མོ་རུ།། 

  གླུ་གཞས་བྲོ་གར་མཉམ་རོལ་གྲོགས་པོ་བཞིན།། 

   ཡིད་སེམས་སྡུག་གིས་མནར་བའི་དུས་སྐབས་སུ།། 

སྙིང་གཏམ་དྲོན་མོ་ཞུ་སའི་བླ་མ་མཚུངས།། 

  

  

རོ་དང་མཚུངས་པའི་ལུས་ཀྱི་ཕུང་བོ་འདི།། 

ག་དུས་ཤི་ཡང་མི་འགྱོད་གསུང་བ་བཞིན།། 

  ཁྱེད་ཀྱི་གཞན་དྲིང་མི་འཇོག་རྣམ་དཔྱོད་དག། 

 མཉམ་དུ་ཤི་ན་སྙིང་ནས་ཕངས་སེམས་སྐྱེས།། 

  

   སྐུ་ཉིད་འཇིག་རྟེན་འཁོར་བ་རྒྱང་བསྲིངས་ནས།། 

  མི་མཐོང་དག་པའི་ཞིང་དུ་ཕེབས་མོད་ཀྱང་།། 

  ཉིད་ཀྱིས་མི་ཡུལ་ཁམས་སུ་བསྐྲུན་པའི་འབྲས།། 

 གདུལ་བྱ་སྟོང་གི་འཛད་མེད་ཟས་སུ་གྱུར།། 

  

    ཁྱེད་ཀྱི་མཛད་འཕྲིན་འབྱམས་ཀླས་ཆུ་གཏེར་ལས།། 

  མཐོང་ཐོས་ནོར་བུ་ཏིལ་ཙམ་བླངས་པ་འདིས།། 

  ཀུན་གྱི་མདུན་མ་བསྐང་ཐབས་མ་མཆིས་ཀྱང་།། 

  སློབ་བུའི་བརྗོད་འདོད་བསམ་བློ་འགྲུབ་པར་ཤོག།

 

༢༠༡༥ལོའི་ཟླ་༡༠པའི་ཚེས་༡༡ལ་གནའ་མཁར་ཟི་ལིང་ནས་སྦྱར་བ་དགེའོ།། 

  

 

  • 顶