རྨི་ལམ་གྱི་འགྲེལ།

2016-11-04
270

  ༡

  དོ་ཞག་གནམ་མཐའི་སྐར་མ་ངུ་བཞིན་འདུག།

  སྨྲེང་བ་རླུང་བུ་དག་གིས་གཏོར་བཞིན་འདུག།

  འགྱུ་འཕྲོའི་རྒྱུད་སྐུད་དལ་གྱིས་འཐེན་གྱུར་ན།།

  དོ་ཧའི་དངུལ་གྱི་མེ་ཏོག་འཐོར་ཀྱང་སྲིད།།

  སང་ཞོགས་རྨི་ལམ་བུ་མོ་གཅེར་ཉལ་མ།།

  ཉི་ཟེར་ཐོག་གིས་གནས་དབྱུང་བཏང་གྱུར་ཚེ།།

  སྨུག་པའི་སྐེ་དཀྲིས་བཅིངས་པའི་རི་བོའི་ཚོགས།།

  གནམ་སྔོན་འདེགས་པའི་ཀ་བ་མིན་ཀྱང་སྲིད།།

  ༢

  རྩྭ་ལོའི་ཟིལ་བར་གནས་བཅས་དྲི་ཟའི་གྲོང་།།

  རླུང་བུའི་སྤུ་གྲི་ངར་མའི་སོ་ཁར་འཕྱོ།།

  མེ་ལྕེའི་རལ་བ་ཁམ་པའི་བརྗིད་རྔམ་འདར།།

  སོ་མར་གྱུར་པའི་རྨི་ལམ་དེ་དག་ཀྱང་།།

  ལུས་པོ་རྗིད་གྱོང་མ་གྱུར་སྔུན་སོ་དེར།།

  ལྗང་བུའི་ཚོགས་ལྟར་ལང་ཚོ་རྙེད་པར་རེ།།

  ༣

  ཁ་བའི་བཀྲེས་པར་གྱུར་བའི་དགུན་ཁ་འདིར།།

  རྡུལ་འཚུབ་དམར་བོ་དག་གིས་རི་ལུང་གི།

  སྔུན་དང་རྒྱབ་སོ་ཀུན་ཏུ་བྱེ་མ་གཏོར།།

  སྐད་ཅིག་དྲན་རྫོགས་རེ་བ་འདི་ལྟར་བྲིས།།

  བྲག་ངོས་རྦབ་ཆུ་ལུང་བའི་ཕུ་ཆུ་ཀུན།།

  རྐང་བ་འབུམ་ལྡན་གང་གཱའི་སྟོབས་སྙེད་དུ།།

  གྱུར་ཏེ་རང་བྱུང་མ་མའི་བྲང་གཞུང་ཀུན།།

  བརྩེ་བའི་བརླན་གྱིས་བྲན་པར་གྱུར་ན་ཨང་།།

  ཡང་གཅིག་བཤད་ན་རྐྱེན་གྱི་གཡང་གཟར་ཏུ།།

  རྒྱུ་བའི་ཚོགས་ནི་འདུས་བྱས་མིན་ནམ་ཨང་།།

               གཡུ་རྔོག་ལུང་རྟོགས། 

    2015/12/12/ མཚན་གུང་སྦྱར།  

   

 

 

  

  • 顶