འབྲོག་པ་ཚོ། གང་དུ་འགྲོ།

2016-11-04
383

  དཔྱིད་གསུམ་སྣ་བརྒྱའི་མེ་ཏོག་ལམ་ལམ་དུ་བཞད་དུས།།

  སྦྲ་ནག་ཆོན་ཕུར་དང་བཅས་བསྡུ་གསོག་ཅིག་བརྒྱབ་སྟེ།།

  ལྷབ་ལྷུབ་འབར་བའི་ཐབ་མེ་མཚེར་ཤུལ་དུ་བསྐྱུར་ནས།།

  ཡིན་ཡིན་མདོག་གིས་རྒྱང་རིང་གང་ཞིག་ལ་འགྲོ་རྒྱུ།།

  དབྱར་གསུམ་རང་བྱུང་ཆར་བ་ཤག་ཤག་ཏུ་འབབ་དུས།།

  རྟ་ཕོ་བང་རྩལ་ཅན་ནི་ཁྲམ་པ་ལ་བཙོངས་ཏེ།།

  སུམ་སྒྲོག་སྲབ་མཐུར་སྒ་སོགས་འགྱིག་ཁུག་ཏུ་བརྫངས་ནས།།

  བྲེལ་བྲེལ་འཚུབ་ཀྱིས་རྒྱང་རིང་གང་ཞིག་ལ་འགྲོ་རྒྱུ།།

  སྟོན་གསུམ་རྡུལ་བྲལ་རླུང་བུ་སིར་སིར་དུ་གཡུག་དུས།།

  ནོར་གནག་འཕེལ་ཁ་ཅན་པོ་ཤན་པ་ལ་སྤྲད་དེ།།

  བརྒྱ་ལོ་ལྟེབ་ཆག་བྱས་པའི་བམ་ཁ་ལ་རྔམ་ནས།།

  དགའ་དགའ་སྐྱིད་ཀྱིས་རྒྱང་རིང་གང་ཞིག་ལ་འགྲོ་རྒྱུ།།

  དགུན་གསུམ་གངས་ཀྱི་ཁ་བ་ལྷབ་ལྷུབ་ཏུ་འབབ་དུས།།

  གཡང་གི་ལྷས་ར་གྲུ་བཞིའི་རྡང་ཐག་རྣམས་རུག་སྟེ།།

  ཁང་མིག་དྲོད་རླངས་ཅན་གྱི་བདེ་སྐྱིད་དེ་བསམས་ནས།།

  མྱུར་མྱུར་མགྱོགས་ཀྱིས་རྒྱང་རིང་གང་ཞིག་ལ་འགྲོ་རྒྱུ།།

  རི་དྭགས་སྨིག་སྒྱུས་བསླུས་པའི་དཀའ་ངལ་དེ་ཨེ་གོ།།

  བུ་མོ་གནས་ནས་ལོག་པའི་ངང་ཚུལ་དེ་ཨེ་མཐོང་།།

  འབྲོང་ཁྱུ་རི་ནས་བོར་བའི་གཏམ་རྒྱུད་ཀྱང་བསམ་ན།།

  སྦྲ་ནག་སྐྱེ་རྒྱུད་ཆད་པའི་ཕངས་སེམས་ཤིག་མེད་དམ།།

  མེས་དབོན་རྣམ་གསུམ་ལྟོགས་ན་རྩམ་པ་དེ་སུས་བརྫི།།

  སྟག་སྒྲ་ཀླུ་ཁོང་སྐོམ་ན་འོ་ཇ་དེ་སུས་འདྲེན།།

  དབྱིན་དམག་འུར་ཆས་བཀག་པའི་ལོ་རྒྱུས་ཀྱང་བསམ་ན།།

  ཁྱོད་ལ་ནོར་གནག་འཚོ་བའི་དགའ་སྣང་ཞིག་མེད་དམ།།

  སྐར་ཚོགས་མཁའ་ན་ཤར་བའི་ལྗིང་འཇགས་ཀྱི་དུས་སུ།།

  རང་སེམས་ནང་དུ་བཀུག་ནས་བསམ་བློ་རེ་བཏང་ན།།

  རི་ཆུའི་ཟུངས་ཁྲག་བཞུར་བའི་ན་ཟུག་དེ་ཚོར་བས།།

  སྐེ་རགས་དམ་དུ་སྡོམ་པའི་ངེས་ཤེས་དེ་འདྲོང་འོང་།།

  སྟག་ཤར་བསམ་བློ་ཅན་པོས་མེས་པོ་ལ་འདང་རྒྱོབས།།

  མ་སྲུ་ལག་ལས་ཅན་པོས་འོ་ཟོ་ལ་བདག་བྱོས།།

  སྦྲ་ནག་ཁ་ཚུབ་ཅན་པོ་ཀ་མགོ་ནས་མ་སྒྱེལ།།

  རྒྱང་རིང་ཤམ་བྷ་ལ་ཡི་བསླུ་བྲིད་དེ་བཟློག་དགོས།།

   བོད་པའི་འཇིགས་སྐྱབས། 

    ༢༠༡༦:༡:༡༥ ཉིན་བྲིས། 

 

 

  

  • 顶