སྐད་ཆའི་གསེང་གི་རྟ་རྡོར། __རྟ་ནག་སྒྲོག་འགྲོསབཀླགས་པ།

2016-08-10
266

  སྐད་ཆའི་གསེང་གི་རྟ་རྡོར།

  __<< རྟ་ནག་སྒྲོག་འགྲོས>>བཀླགས་པ།

 

  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

  ལྷུན་གྲུབ༼1935—1985༽ 1935ལོར་རྨ་ཆུའི་ལྷོ་རྒྱུད་ཀྱི་མདུན་རུ་སྟེ་སི་རུག་ཆུང་བའི་སྡེ་བར་སྐྱེས།ད་ལྟའི་རྨ་ལྷོ་སོག་རྫོང་གཡུ་སྒང་ཉིན་གྲོང་བརྡལ་ཅུ་རིམ་སྡེ་བར་གོ་དགོས།ཨ་ཕའི་མིང་ལ་བཀྲ་ཅོ་ཟེར་ཞིང་ཨ་མའི་མིང་ལ་ཚེ་བྷ་ཟེར།ཁོའི་ཨ་ཕ་ཁོ་རང་ཆུང་དུས་སུ་རྩྭ་ས་རྩོད་གླེང་གི་ཁྲོད་དུ་ཚེ་ལས་འདས།ཨ་མས་ཁོ་རང་ཁྲིད་དེ་ཐོར་རྒོད་སྡེ་བར་ལོག ཅུང་མ་འགོར་བར་བླ་བྲང་དུ་གཏན་སྡོད་བྱས།ལྷུན་གྲུབ་བླ་བྲང་ནས་གྲྭ་སར་ཞུགས་ཏེ་ཆོས་གཞུང་ལ་སྦྱང་བ་བྱས།1953ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ནས་སློབ་སྦྱོང་བྱས།མཐར་ཕྱིན་རྗེས་ཀྲུང་དབྱང་མི་རིགས་སློབ་གླིང་།ནུབ་བྱང་མི་རིགས་སློབ་གླིང་དང་ཀྲུང་དབྱང་མི་རིགས་སྐད་ཡིག་ལོ་ཙཱ་ཅུའུ་སོགས་ནས་དཔེ་ཁྲིད།ལོ་ཙཱ་དང་རྩོམ་སྒྲིག་ཞུ་ཆེན་གྱི་བྱ་བ་གཉེར་མྱོང་།1983ལོར་བོད་ཡིག་སྒྲུང་རྩོམ་<<རྟ་ནག་སྒྲོག་འགྲོས>>སྤེལ་ཏེ་མིང་དུ་གྲགས།<<རྟ་ནག་སྒྲོག་འགྲོས>>ནི་སྐད་ཆའི་སྒྱུ་རྩལ་དང་ཞིབ་འབྲི་བྱེད་ཐབས་སོགས་ཀྱི་ཐད་ནས་བོད་ཡིག་དེང་རབས་བརྩམས་སྒྲུང་གི་རྩེ་གྲས་སུ་སླེབས་པ་དང་།སློབ་འབྲིང་བསླབ་དེབ་དང་རྩོམ་རིག་བདམས་སྒྲིག་སོགས་དཔེ་ཆ་མང་བོའི་ནང་དུ་བདམས་ཡོད།ཁོས་ད་དུང་<<བློ་བཟང>> <<ཁྱི་ཁྲ་ཁྲ>>དང་<<དཔྱིད་རིང་བོ>>སོགས་དམངས་ཁྲོད་གཏམ་རྒྱུད་བཅུ་ལྷག་འཚོལ་སྡུད་དང་དག་སྒྲིག་བྱས་ཡོད།1981ལོར་ཁོང་གི་འགྱུར་རྩོམ་<<སྒྲུང་ཐུང་བདམས་སྒྲིག>>ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།1985ལོའི་ཟླ་10པའི་ཚེས་16ཉིན་པེ་ཅིང་ནས་ཚེ་ལས་འདས།སྐབས་དེར་རང་ལོ་ལྔ་བཅུ་ཡིན།1986ལོར་ཁོང་གི་ཤུལ་རྩོམ<<ཆོས་ཀྱི་རྣམ་གྲངས>>ཞེས་པ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།ཁོ་རང་འཚོ་དུས་ཁོང་ནི་ཀྲུང་གོ་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཚོགས་མི།ཀྲུང་གོ་གྲངས་ཉུང་མི་རིགས་གནའ་རྩོམ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་བོད་ལྗོངས་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་མི་བཅས་ཡིན།

  སྒྲུང་གཏམ་ནི་དངོས་ཡོད་ཀྱི་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་བའི་རྩོམ་ལུས་ཤིག་རེད།དེ་ཀློག་དུས་སྐབས་དེའི་མིག་ཟུང་སྤྱད་ནས་ཀློག་པ་དང་དེ་རིང་གི་མིག་ཟུང་སྤྱད་ནས་ཀློག་པ་སོགས་ཀློག་སྟངས་གཙོ་བོ་རིགས་གཉིས་སུ་འདུ།འདིར་ངས་གཙོ་བོ་དེ་རིང་གི་མིག་ཟུང་སྤྱད་ནས་མི་སྣའི་སྐད་ཆ་དང་ཞིབ་འབྲིའི་གསེང་དུ་སྦས་པའི་རྟ་རྡོར་གྱི་སྤྱོད་པ་ཉིས་བརྩེགས་མའི་ཐད་རང་ཉིད་ཀྱི་འཆར་སྣང་ཙམ་བརྗོད་འདོད།སྒྲུང་འདིའི་སྐད་ཆའི་སྒྱུ་རྩལ་དང་ཁོར་ཡུག་ཞིབ་འབྲི།མི་སྣའི་སེམས་ཁམས་དང་བྱ་སྤྱོད་འབྲི་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་མི་ཉུང་བ་ཡོད་པ་སྨྲོས་མེད་ཡིན་མོད་ཐེངས་འདིར་ཞིབ་ཏུ་དགྲོལ་འདོད་མེད།

  གཅིག ཁ་བྱང་གི་ངོས་གཉིས།

  རྟ་ནག་སྒྲོག་འགྲོས་ཞེས་པའི་ཁ་བྱང་རང་སྟེང་ན་སྐྱོ་ཤུར་ཤུར་གྱི་དབྱངས་རྟ་ཞིག་གམ་མག་མོག་རབ་རིབ་ཀྱི་སྣང་བརྙན་གསོན་པོ་ཞིག་ཡོད་པ་མ་ཟད།དེས་རང་དབང་བརྩོན་ལེན་དང་གཉའ་གནོན་ཕྱི་རྒོལ་གྱི་སྙིང་སྟོབས་ཤིག་དང་།ཁྱད་གསོད་དང་མནར་གཅོད་དང་ལེན་བྱས་ཏེ་དེ་ལ་གོམས་པར་བྱེད་པའི་སྡར་གཤིས་ཤིག་ཀྱང་མཚོན་ནུས་སྙམ།ཅི་ལྟར་ཞེ་ན།སྒྲོག་འོག་ཏུ་ཚུད་པའི་རྟ་ཞིག་གིས་ན་ཟུག་དང་སྡུག་བསྔལ་ཡོད་ཚད་ཁྱད་དུ་བསད་ནས་ནུས་ཤུགས་ཡོད་དགུས་སྒྲོག་འགྲོས་བྱེད་པ་དེ་ཕྱོགས་གཅིག་ནས་རང་ཉིད་སྒྲོག་ལས་ཐར་འདོད་ཀྱི་བསམ་པ་བཅངས་ནས་ཧུར་ཐག་གིས་འགྲོ་བའི་སྤོབས་པ་ཞིག་ཡིན་པ་དང་།ཕྱོགས་གཞན་ཞིག་ནས་རྟ་ཞིག་དེ་ལྟར་འགྲོ་བ་ནི་རང་ཉིད་སྒྲོག་ལས་ཐར་འདོད་ཀྱི་རེ་བ་དོར་ནས་སྒྲོག་འོག་ནས་འགྲོ་ཤེས་བར་འབད་པའི་ཁས་ལེན་མགོ་སྒུར་གྱི་བྲན་གཤིས་ཤིག་ཀྱང་ཡིན་པ་རེད།དེ་བས་སྒྲུང་འདིའི་ཁ་བྱང་ལ་ཟུར་ངོས་གཉིས་ནས་བལྟ་དགོས་པ་མ་ཟད།ཁ་བྱང་རང་སྟེང་ནའང་མཚན་ཉིད་རིག་པའི་གནས་ལུགས་ཤིག་གིས་ཕྱུག་ནས་འདུག་སྙམ།ཁ་བྱང་འདི་བཀླགས་མ་ཐག་སྒྲུང་འདིའི་བསྟན་དོན་དང་ནང་དོན་ལ་ཡང་རབ་རིབ་དང་མག་མོག་གི་མཛེས་པ་ཞིག་གིས་བརྒྱན་འདུག་པའི་ཚོར་བ་བསྟེར་ཐུབ་སྙམ།རྩོམ་པ་པོས་སྒྲུང་འདིའི་ཁ་བྱང་ལ་རྟ་ནག་སྒྲོག་འགྲོས་ཞེས་འབྲི་དོན་ནི་བསམ་བློའི་འབྱམས་ཀློང་དང་མཚོན་དོན་གྱི་ཟབ་ཚད་ཇེ་དྲག་ཏུ་གཏོང་བའི་དགོས་པ་དང་ནུས་པ་དམིགས་བསལ་བ་ཞིག་ལྡན་སྙམ།ཁ་བྱང་གཅིག་པུ་ཡང་ཀློག་པ་པོས་མྱོང་རོལ་བྱས་ནས་ངོམས་པ་མེད་པའི་མཛེས་པ་བླ་ལྷག་ཅིག་རེད་སྙམ།

  གཉིས། ཁ་བྱང་དང་སྦྱར་ཏེ་རྟ་རྡོར་གྱི་སྤྱོད་པ་ཉིས་བརྩེགས་མ་འགྲོལ་བ།

  རྟ་ནག་ཅིག་སྒྲོག་འགྲོས་བྱེད་པར་ངོས་གཉིས་ཡོད་པ་ནང་བཞིན་རྟ་རྡོར་གྱིས་དགྲ་བོ་བསད་པ་དེའང་ཕྱོགས་ནས་གཉིས་ནས་གླེང་དགོས་སྙམ།གཅིག་ནི་མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་གླེང་ན་མི་གསོད་བྱ་སྤྱོད་ནི་ཚད་བརྒལ་གྱི་ནོར་འཁྲུལ་ལམ་གདུག་རྩུབ་ཀྱི་སྦྱོར་བ་ཞིག་ཡིན་པས་དེ་ཉེས་པར་བགྲང་བ་ལས་བསྔགས་བརྗོད་དང་ཡི་རང་བྱེད་མཁན་ཕལ་ཆེར་ཡོད་མི་སྲིད།སྒྲུང་འདིའི་མི་སྣ་རྟ་རྡོར་ལ་མཚོན་ན་ཕོ་སྒོ་དང་རྒྱུ་འབྱོར་སོགས་གང་ཐད་ནས་དགྲ་བོར་མི་དོ་བར་མ་ཟད་ཁྱད་གསོད་དང་བརྙས་བཅོས་མྱོང་དུས་རྡུང་རེས་མ་གཏོགས་ཐབས་གཞན་ཅི་ཡང་མ་རྙེད་པས་མཐའ་མར་འུ་ཐུག་སྟེ་མི་བསད་པ་རེེད།སྤྱིར་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྟེང་སྡར་མས་དཔའ་བོ་བསད་པའི་དཔེ་མང་པོ་ཡོད་པ་རེད།དེའི་རྒྱུ་མཚན་ནི་སེམས་ཁམས་ཀྱི་ངོས་ནས་སྡར་མ་དཔའ་བོར་སྐྲག་དྲག་པས་དཔྱོད་ཤེས་ཀྱི་བསམ་གཞིག་ནུས་པ་ཉམས་ཏེ་ཞེ་སྡང་གི་ངར་ཤུགས་བླ་ལྷག་གིས་འཕེལ་པས་རེད།ཡང་ན་སྡར་མའི་སེམས་སུ་དཔའ་བོ་ཚར་གཅོད་མ་བྱས་ན་རང་ཉིད་འཚོ་ཐབས་མེད་པར་འདོད་པས་གདུག་རྩུབ་ཀྱི་སྤྱོད་པ་བསྟར་བ་རེད།དོན་དངོས་སུ་ཁྲིམས་ལུགས་སོགས་ལ་བརྟེན་ནས་རད་ཉིད་ཀྱི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོང་བྱ་ཆོག་པས་ཁོ་ཚོའི་སྦྱོར་བ་ནི་དཔའ་རྟགས་དང་སྙིང་སྟོབས་སུ་བགྲང་ཐབས་བྲལ།ཡིན་ཡང་སྒྲུང་འདིའི་ནང་དུ་བཀོད་པའི་ཁོར་ཡུག་ལ་ཁྲིམས་ལུགས་ཀྱི་མཁའ་དབུགས་ཤིན་ཏུ་ཞན་པ་ཀློག་པ་པོས་ཚོད་གཅོད་བྱས་ཆོག་སྙམ།འདི་ལྟ་བུའི་ཁོར་ཡུག་ཅིག་ནས་ཁྲིམས་མཐུན་ལུགས་མཐུན་གྱིས་རང་ཉིད་ཀྱི་མི་གཞི་བརྩིས་མཐོང་སོགས་སྲུང་སྐྱོང་བྱ་རྒྱུ་ནི་མ་གཞི་ནས་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པ་གསལ་བོ་རེད།

  ཕྱོགས་གཞན་ཞིག་ནི་རང་དབང་སྙིང་སྟོབས་ཀྱི་ངོས་ནས་གླེང་ན་མི་གཞི་བརྩིས་མཐོང་ལ་སྲུང་སྐྱོང་བྱ་ཆེད་བཙན་དབང་དང་གཉའ་གནོན་ལ་ཕྱི་རྒོལ་བྱེད་པ་ནི་ཁེར་ཚུགས་ཀྱི་སྤོབས་པ་ཞིག་ཡིན་པས་ཀུན་གྱིས་བརྩོན་ལེན་བྱ་དགོས་པའི་ཡུལ་དུ་འདོད།རྟ་རྡོར་ལ་མཚོན་ན་ཕྱུག་པོ་དང་བཙན་པོས་ཁྱད་གསོད་དང་དམའ་འབེབས་བྱས་ཏེ་མི་གཞི་བརྩིས་མཐོང་ལ་རྡོག་བརྫིས་བྱས་མཐར་ཕྱི་རྒོལ་གྱི་སྙིང་སྟོབས་སྐྱེད་དེ་དགྲ་བོ་རྩ་མེད་དུ་བཏང་བ་རེད།མི་ཚུལ་རིང་ལུགས་ཀྱི་བསམ་བློའི་ངོས་ནས་བལྟས་ན་ཁོའི་སྤྱོད་པར་གཉའ་མི་སྒུར་བའི་སྤོབས་པ་ཞིག་གིས་ཁྱབ་ནས་ཡོད་སྙམ།བལྟ་སའི་ཟུར་མི་འདྲ་བས་བལྟས་པའི་མཇུག་འབྲས་ཀྱང་མི་འདྲ་བ་སྙོན་མེད་རེད།འོན་ཀྱང་གླེང་ཕྱོགས་འདི་གཉིས་ནི་ཕན་ཚུན་འབྲེལ་བ་ཡིན་ལ་འགལ་བ་ཡང་རེད།སྙིང་སྟོབས་ཀྱི་ནང་དུ་སྡར་གཤིས་ཤིག་འདྲེས་འདུག་པ་དང་སྡར་གཤིས་ཀྱི་ཞོར་དུ་དཔའ་རྟགས་ཤིག་ཀྱང་མངོན་ནས་ཡོད་སྙམ།དེ་བས་རྟ་རྡོར་གྱི་སྤྱོད་པ་ནི་ངོ་བོ་ཉིས་བརྩེགས་མ་ཞིག་ཡིན་པ་མ་ཟད་མཚན་ཉིད་རིག་པའི་གནས་ལུགས་ཤིག་ཀྱང་རེད་སྙམ།རྟ་ནག་སྒྲོག་འགྲོས་ཞེས་པའི་ཡི་གེ་བཞི་བོ་རྟ་རྡོར་གྱི་སྤྱོད་པར་འོ་ཆུ་བཞིན་དུ་འཐིམས་ཡོད་སྙམ།

  གསུམ། རྟ་རྡོར་གྱི་སྤྱོད་པ་ཉིས་བརྩེགས་མ་དེས་སྒྲུང་ལ་མཛེས་པ་ཐུན་མིན་ཞིག་བྱུག་འདུག་སྙམ།

  ཤིག་སུ་ཕེར་གྱི་སྒྲུང་གྲགས་ཅན་ཧམ་ལེ་ཐུའི་ནང་༼སྲོག་འཚོ་འམ་མི་འཚོ།དེ་ནི་གནད་དོན་རེད༽་ཅེས་པ་ནང་བཞིན་རྟ་རྡོར་གྱིས་མི་ཆོས་ཀུན་སྤྱོད་དང་མི་གཞི་བརྩིས་མཐོང་གཉིས་ལས་གང་གདམ་རྒྱུ་ནི་གནད་དོན་ཞིག་ཏུ་གྲུབ་འདུག་སྙམ།མཇུག་མཐར་ཁོས་མི་གཞི་བརྩིས་མཐོང་བདམས་པ་རེད།གདམ་ཀ་འདི་འགྲིག་མིན་ལ་བརྡར་ཤ་གཅོད་རྒྱུ་ནི་མཚན་ཉིད་རིག་པའི་ལས་ཀ་ཞིག་ཡིན་པས་ཁ་ཚོན་གཅོད་ཁག་པོ་རེད།ཀུན་སྤྱོད་དང་བརྩིས་མཐོང་གཉིས་ནི་སྐབས་རེར་འགལ་བ་ཡིན་ལ་སྐབས་རེར་འབྲེལ་བ་རེད།གང་ལྟར་རྙོག་འཛིང་དང་འགལ་འདུ་རང་བཞིན་ཅན་གྱི་མི་སྣའི་སྤྱོད་པ་དེས་སྒྲུང་ཧྲིལ་བོར་མཛེས་པ་ཐུན་མིན་ཞིག་གམ་སྒྱུ་རྩལ་གྱི་ཡིད་འགུགས་ནུས་པ་བླ་ལྷག་ཅིག་འཕེལ་དུ་བཅུག་འདུག་སྙམ།ལྷག་པར་དུ་རྟ་རྡོར་གྱི་སྤྱོད་པའི་ལེགས་ཉེས་ཀྱི་དབྱེ་གཅོད་དབང་ཆ་ཀློག་པ་པོར་སྤྲད་པ་དང་ཁོར་ཡུག་ཞིབ་འབྲི་བྱས་པ་བརྒྱུད་དེ་རྟ་རྡོར་གྱི་ལས་དབང་དང་འབྲེལ་བའི་མི་སྣའི་སེམས་ཁམས་མཚོན་པ་སོགས་ཀྱིས་སྒྲུང་གི་བརྗོད་དོན་སྔར་ལས་གཏིང་ཟབ་ཏུ་བཏང་འདུག་སྙམ།སྒྲུང་འདིར་ཟུར་འབྲིའི་ཐབས་སྤྱད་དེ་མི་སྣའི་སྐད་ཆ་དང་སྤྲོས་བརྗོད་ལ་བརྟེན་ནས་རྟ་རྡོར་གྱི་སྤྱོད་པའི་ཐད་ལ་འཁང་ར་དང་དང་ལེན་སོགས་ཀྱི་རྣམ་འགྱུར་འཕེལ་རིམ་ཅན་མང་བོ་ཞིག་བསྟན་ཡོད་མོད།ཁོའི་མཐའ་མཇུག་གི་ལམ་བུ་ཇི་འདྲ་ཞིག་ཡིན་པ་དེ་བསམ་གཞིག་གི་བར་སྟོང་ཧ་ཅང་ཡངས་ས་ཞིག་ན་བསྐྱུར་ཡོད་པས།ལ་ལས་རྟ་རྡོར་སྡར་མར་ངོས་འཛིན་བྱ་སྲིད་ལ།ལ་ལས་དཔའ་བོར་ངོས་འཛིན་བྱེད།ཡང་ལ་ལས་རྟ་རྡོར་ནི་དཔའ་སྡར་གཉིས་ཀྱི་རང་གཤིས་ལྡན་པའི་མི་སྣ་ཞིག་ཏུ་ངོས་འཛིན་སྲིད།གང་ལྟར་སྐད་ཆའི་གསེང་དུ་སྦས་པའི་རྟ་རྡོར་ནི་སྒྲུང་གི་མཛེས་པ་དང་བསམ་གཞིག་གི་ལྗིད་ཚད་དུ་གཞག་ཆོག་སྙམ།

  བཞི སྐད་ཆའི་གསེང་གི་རྟ་རྡོར་དང་ཁོའི་ལས་དབང་གི་བསམ་གཞིག

  སྒྲུང་འགོ་བརྩམས་པ་ནས་མི་སྣ་རྟ་རྡོར་ནི་རོང་ཚ་བཀྲ་ཤིས་མཚོ་དང་ཨ་ནེ་རྒན་མོ་གཉིས་ཀྱི་ཁ་བརྡ་དང་ཟུར་གྱི་ཞིབ་འབྲི་ལ་བརྟེན་ནས་བྲིས་ཡོད་པ་ལས་ཐད་ཀར་གྱི་ཞིབ་འབྲི་ཅི་ཡང་བྱས་མེད།ཁོ་རང་མི་སྣ་གཞན་གྱི་སྐད་ཆའི་གསེང་དུ་སྦས་པའི་ཚུལ་གྱིས་སྒྲུང་གི་དཀྱིལ་སྙིང་དུ་བཟུང་ཡོད་སྙམ།སྒྲུང་གི་མཇུག་སྡུད་སྟངས་དེས་ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཧ་ཅང་ཡངས་པོ་ཞིག་བསྐྲུན་ཡོད་པས་རྟ་རྡོར་གྱི་ལས་དབང་ཡང་ཚོན་མདོག་ཅན་དུ་བསྒྱུར་ཡོད་སྙམ།རྟ་རྡོར་གྱི་ལས་དབང་དང་འགྲོ་ལམ་ནི་རོང་ཚ་བཀྲ་ཤིས་མཚོ་དང་ཨ་ནེ་རྒན་མོ་གཉིས་ཀྱི་ལས་དབང་དང་འགྲོ་ལམ་ཡིན་པ་མ་ཟད་གཉོམ་ཆུང་དང་དབུལ་བོ་ཀུན་གྱི་འགྲོ་ལམ་ཡང་ཅི་ལ་མིན།དེང་གི་སྤྱི་ཚོགས་སུ་བཙན་གཉོམ་དང་དབུལ་ཕྱུག་གི་དབང་གིས་ཁྲིམས་མེད་ལུགས་མེད་དང་ཡ་ང་ངོ་ཚ་བྲལ་བའི་དོན་དག་མང་བོ་ཞིག་བྱུང་དང་བྱུང་བཞིན་པ་མིག་མཐོང་ལག་ཟིན་རེད།དེའི་ཁྲོད་ཕམ་ཁ་མྱོང་མཁན་ནི་ནམ་ཡང་གཉོམ་ཆུང་དང་དབུལ་བོ་ཡིན་པ་དང་རྒྱལ་ཁ་ལེན་མཁན་ནི་ནམ་ཡང་བཙན་པོ་དང་ཕྱུག་པོ་རེད།སྒྲུང་འདིར་རྩོམ་པ་པོས་ཁྲིམས་ལུགས་ཀྱི་ཤེས་བྱ་ཧ་ཅང་སྲབ་པའི་ཁོར་ཡུག་ཅིག་ནས་མི་བུ་ཉམ་ཆུང་ཞིག་གི་ལས་དབང་དང་སྤྱོད་པ་བྲིས་པ་བརྒྱུད་དེ་འཇིག་རྟེན་གྱི་རྒྱུ་འབྲས།དགེ་སྡུག དཀར་ནག་དང་བདེན་རྫུན་སོགས་ལ་བསམ་གཞིག་དང་ཕྱིར་རྟོག་བྱས་ཡོད་པ་མ་ཟད།ཉམ་ཐག་རིགས་གྲས་སྤྱི་ཡི་ལས་དབང་དང་མི་གཞི་བརྩིས་མཐོང་ལ་བསམ་གཞིག་དང་དོ་ཁུར་བྱས་ནས་མི་ཚུལ་གྱི་བརྩེ་བ་དང་དུངས་པ་མངོན་པར་མཚོན་ཡོད་སྙམ།

  ཞེས་འཕགས་པ་འབྲོང་གིས་༢༠༡༦ལོའི་སྤྱི་ཟླ༦ཚེས་༡༥ཉིན་སོག་རྫོང་ནས་བྲིས།

  • 顶