
བདེ་སྐྱིད་ཅེས་བྱ་ཀུན་གྱི་རེ་འདོད་ཅིག།
རྨི་ལམ་ན་ཡང་འབྲལ་མི་འདོད་པ་ཞིག།
ཆུ་བོ་བཞིན་དུ་རྒྱུན་མི་ཆད་འདོད་ཅིག།
བུ་ཆུང་ལྟ་བུ་ལག་གི་གཅེས་ནོར་ཅིག།
ཁ་ཤས་ལ་ནི་རྒྱ་མཚོའི་མཐའ་རུ་མཆིས།།
འགའ་རེ་ལ་ནི་ལུས་དང་གྲིབ་མའི་སྤུན།།
ལ་ལར་མྱུར་ཟད་གློག་དམར་རྗེས་སུ་འགྲོ།
རེ་ཟུང་གཞིགས་བྲལ་རྡོ་རྗེ་བྲག་གི་ཟླ།
ཡོད་ཚད་རང་གི་བསམ་བློའི་འཁྱེར་སོ་ཙམ།།
ཕྱི་རོལ་རྐྱེན་གྱི་རྗེས་སུ་འཇུག་ལྡོག་མིན།།
ཤེས་རབ་དང་ནི་བློ་ཁོག་ཡངས་པ་ན།།
འགལ་རྐྱེན་རྦ་རླབས་འཕྱུར་ཡང་ཚུགས་པ་མེད།།
དཔེར་ན་སྐྱེས་བུས་རྡོ་མོ་འཕངས་ཙ་ན།།
ཁྱི་གུ་རྡོ་ཡི་རྗེས་སུ་ཕན་མེད་རྒྱུགས།།
སེང་གེས་རྡོ་ཡི་ཡོང་ཁུངས་བཅད་པས་ན།།
མི་འདོད་སྣ་དགུ་ཆུ་རླངས་ཡལ་དང་མཚུངས།།

སེམས་ཅན་ཞིང་སར་བདེ་སྐྱིད་སོན་འདེབས་ན།།
བདག་ལ་འབྲས་བུ་བདེ་སྐྱིད་གཡུར་ཟ་འབྱུང་།།
བརྩེ་མེད་ཐ་རྒོད་གནས་སུ་བསྐྱུར་བྱས་ན།།
མི་འདོད་རྩྭ་ལྡུམ་མ་ལུས་ཡོངས་སུ་ཁྱབ།།
གཞན་གྱིས་བདག་ལ་མི་འདོད་བྱས་ཙ་ན།།
དེ་ཚེ་བཟོད་པའི་གོ་ཆ་བགོ་བ་ན།།
བཟླས་བརྗོད་ཕྱག་བསྐོར་བརྒྱ་ལས་ལྷག་པས་ན།།
རང་གིས་རང་ཉིད་འཆོས་པའི་ཆོས་དངོས་ཡིན།།
ཐོག་བབས་རྐྱེན་ངན་གྲོགས་སུ་བསྒྱུར་བ་དང་།།
བདེ་སྐྱིད་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་།།
ཤཱཀྱའི་རྒྱལ་པོའི་བཀའ་གསུང་སྙིང་པོ་སྟེ།།
འདུ་ཤེས་ལེགས་པའི་ལམ་དུ་བསྒྱུར་འདི་ཡིན།།
སྟོན་པ་མཆོག་དང་སྤྱན་རས་གཟིགས།།
རྗེ་བཙུན་མ་དང་པད་མ་འབྱུང།།
ལྷ་སྐལ་མཆོག་རྣམས་བྱིན་ཆར་ཕོབས།།
བདེ་སྐྱིད་མྱུ་གུ་རྒྱས་པར་ཞུ།།
མི་ཕྱུགས་ནད་མུག་འཁྲུག་རྩོད་ཞི།།
དུས་ཀྱི་ཡམས་ནད་མྱུར་དུ་ཞི།།
བདེ་སྐྱིད་ཉི་མ་སླར་ཡང་འཆར།།
ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཤོག།
ཅེས་མི་སྡུག་པའི་དུས་ནད་འཇའ་ཡལ་མ་མྱུར་དུ་ཆད་པའི་རེ་སྨོན་སྐོམ་པ་ཆུ་འདོད་ཀྱི་ངང་རྩོམ་ཐུང་འདི་འཆི་མེད་མགོན་པོས་སྤེལ་ལོ།།
འཕྲིན་སྟེགས། weikangba