
འཆི་མེད་མགོན་པོ།
འདི་ལ་ཕ་ཞེས་འདི་ལ་མ་ཞེས་པའི།།
ཐོག་མའི་སྐད་ཀྱི་དགེ་རྒན་ཕ་མ་གཉིས།།
འདི་ལ་ཀ་ཞེས་འདི་ལ་ཁ་ཞེས་པའི།།
ཡི་གེ་སློབ་པའི་དགེ་རྒན་དུ་མ་དང་།།
མིང་གི་རྣམ་གྲངས་ཚིག་གི་སྡེབ་སྦྱོར་སོགས།།
ཚིག་འཁྲུལ་གཅོད་པའི་སྒྲ་རིག་སློབ་དཔོན་ཚོ།།
ཕས་རྒོལ་བཟློག་དང་འདི་ཕྱི་བདེ་བའི་ལམ།།
གཏན་ཚིགས་ནང་དོན་རིག་པའི་མཁན་པོ་མཆོག།
འཇིག་རྟེན་རི་མོའི་ལམ་གྱིས་གསལ་བྱས་པའི།།
བཟོ་རིག་སྒོ་མོ་འབྱེད་པའི་དགེ་རྒན་སྟེ།།
བདག་ལ་མགོན་དུ་གྱུར་པའི་དམ་པའམ།།
འབྲེལ་ཐོགས་དྲིན་དུ་ལྕི་བའི་དགེ་རྒན་གཙོས།།
ས་སྟེང་དགེ་རྒན་བཟང་པོ་སྤྱི་ཡོངས་ལ།།
དུས་ཆེན་བསུ་ཞིང་ཤིས་ཚིག་བཟང་པོ་ནི།།
སྲོལ་རྒྱུན་སྐྱོང་དང་གསར་གཏོད་ཡིད་སྨོན་པོ།།
དུས་གཅིག་སྤེལ་བའི་རླབས་ཆེན་མཛད་བཟང་ཁྲོད།།
ཁྱེད་ཅག་སྐུ་ངལ་ཆེ་བར་མ་གྱུར་ཏམ།།
དེ་རིང་སྐུ་ཐུགས་ལྷོད་ལྷོད་བཞུགས་པའི་ངང་།།
དགྱེས་པའི་དཔལ་ལ་རོལ་ཅིག་འབྱུང་འགྱུར་ལ།།
འཕྲིན་ལས་དབྱར་མཚོའི་དཔལ་དང་གཉིས་མེད་པའི།།
གུས་པས་མཆོད་བསྟོད་སྨོན་ཚིག་ལྷན་དུ་སྤེལ།།
འཕྲིན་སྟེགས། weikangba