དེ་རིང་གི་ཆར་བ།

2016-12-13
299

  ༄༅།། དེ་རིང་གི་ཆར་བ། 

      རྩོམ་པ་པོ། ཙ་སུར་སྦྱིན་པ། 

  དེ་རིང་གི་ཆར་བ། 

  དེ་རིང་གི་ཆར་བ་ཉི་མ་བླ་བྲང་ལ་བབས། 

  ཉི་མ་བླ་བྲང་ལ་ཟགས་པའི་ཆར་བས། 

  ས་རྡུལ་གྱི་རླུང་འཚུབ་ཁད་ཀྱིས་མིད་ཅིང་། 

  དྭངས་གཙང་གི་དཔྱིད་དཔལ་ཞིག་མགྲོན་དུ་བོས། 

  དེ་རིང་གི་ཆར་བ། 

  དེ་རིང་གི་ཆར་བ་ས་ཆེན་པོར་བབས། 

  ས་ཆེན་པོར་བབས་པའི་ཆར་བ་འདིས། 

  ཐང་སྟོང་སྐྱ་བོ་དྲོད་ཀྱིས་འཚོད་པའི་ཡུལ་གྲུ་ལ། 

  ཚ་གྲང་སྙོམས་པའི་རིན་ཆེན་གཏེར་མཛོད་ཅིག་འཁྲུངས་སུ་བཅུག 

  དེ་རིང་གི་ཆར་བ། 

  དེ་རིང་གི་ཆར་བ་ངའི་སེམས་ཁམས་ལ་བབས། 

  ངའི་སེམས་ཁམས་ལ་བབས་པའི་ཆར་བ། 

  ལྷོད་ཡངས་དང་ཞི་འཇམ་གྱིས་ཕེབས་དུས། 

  ཁྱེད་ཀྱི་སྨོན་འདུན་ཁྲི་ཕྲག་འགྲོ་བ་འདིའི་འཛད་མེད་ལོངས་སྤྱོད་ཅིག་ཏུ་གྱུར་ཟིན། 

  ཆར་བ་ཡ་ཆར་བ། 

  སྨོན་ལམ་དང་རེ་བ་གྲངས་མེད་ཀྱི་ལྟེབས་ཁུག་ནས། 

  རིགས་ཞེན་རྒོད་པོ་ཚོའི་ལྷད་མེད་ཀྱི་རུས་རྐང་དཀར་བོ་དེ། 

  ལག་ཏུ་བླངས་ཤིང་རྒྱན་དུ་ཁུར་ནས་ནམ་ཡང་ཁྱོད་ཀྱི་གསོལ་སྟོན་ལ་བསྲིངས་ཡོད།། 

  • 顶