༄༅།། ཕ་ཡུལ་ཀན་ལྷོ།
རྩོམ་པ་པོ། སྟག་ཚང་པཎ་ཆེན
བཅུད་ཀྱི་གཡང་ཆགས་ཀན་ལྷོ་ཕྱུག་མོའི་ལྗོངས།།
ཕྱི་སྣོད་ཕུན་ཚོགས་དགའ་བདེའི་དཔལ་དང་ལྡན།།
ཆོས་སྲིད་འབྱོར་བའི་གཟི་བྱིན་རབ་ཏུ་གསལ།།
སྙན་པའི་གྲགས་པ་ས་སྟེང་ཀུན་ཏུ་ཁྱབ།།
ཉམས་དགའི་སྤང་ལྗོངས་མེ་ལོང་ངོས་ལྟར་མཉམ།།
དྭངས་བསིལ་ཆུ་བོ་ཆད་མེད་དལ་གྱིས་འབབ།།
སྔོ་ལྗངས་མྱུ་གུ་འཛིན་མའི་གོས་སུ་བསྟར།།
ས་འཛིན་ཕྲེང་བས་ཕྱོགས་བཞི་ཀུན་ནས་བསྐོར།།
ཨ་སྔོན་ས་ལ་ལྷུང་འདྲའི་རྩྭ་ཐང་ཡོངས།།
རྟ་ནོར་ལུག་ཁྱུ་ཐང་མར་བརྡལ་ནས་གང་།།
གྲུ་བཞི་སྔོ་ལྗང་ཞིང་ས་གཤིན་པོ་རུ།།
འབྲུ་དྲུག་སྙེ་མས་ལོ་ལེགས་མགོ་ལྕོག་ལྡེམ།།
ཡིད་འཕྲོག་མཛེས་སྡུག་མཐོར་བརྩེགས་ཁང་བཟང་ཀུན།།
སུམ་རྩེན་གྲོང་ཁྱེར་འཛིན་མར་འཕོས་པ་བཞིན།།
གཡུ་འབྲུག་ས་ལ་འཁྱུག་འདྲའི་གཞུང་ལམ་སྟེང་།།
མགྱོགས་མྱུར་འཁོར་ལོས་འཛུགས་སྐྲུན་ལས་ལ་བྲེལ།།
ཤེས་རིག་པད་ཚལ་རྒྱས་པའི་སློབ་གླིང་དང་།།
ཚན་རིག་པད་ཚལ་རྒྱས་པའི་སློབ་གླིང་དུ།།
བློ་གསལ་བུང་བ་གཞོན་ནུའི་ཁྱུ་ཚོགས་ཀྱིས།།
ལྷོད་མེད་དཀའ་སྤྱད་དང་དུ་བླངས་ལ་ལྟོས།།
སྣ་ཚོགས་ཁམས་དང་མཐུན་པའི་ཚོང་ར་དང་།།
ཟས་གོས་ལོངས་སྤྱོད་ཕུན་ཚོགས་དཔལ་ལ་ནི།།
འདོད་དགུར་རོལ་བའི་མཐུན་རྐྱེན་རང་འཛོམས་པས།།
མི་རྣམས་སྟོབས་དང་འབྱོར་བའི་དཔལ་གྱིས་ཕྱུག།
ཉི་གཞོན་གསར་བའི་འོད་རླབས་ཀུན་ཏུ་འཕྲོས།།
ཕན་བདེའི་འཕྲིན་ལས་རིས་མེད་འགྲོ་ལ་སྙོམས།།
འབུམ་ཕྲག་གཟི་འོད་མཆོག་ཏུ་འབར་བ་ཡིས།།
དོན་ཀུན་ལེགས་པར་འགྲུབ་པའི་རྟེན་འབྲེལ་འགྲིག།
འབྱོར་བའི་བང་མཛོད་མིག་སྐྱའི་གྲོང་ལ་འགྲན།།
ཆོས་དང་སྲིད་ཀྱི་དགའ་བདེའི་འཁྲི་ཤིང་རྒྱས།།
བདེ་སྐྱིད་འོད་བརྒྱ་རྣམ་པར་འབར་བ་ལ།།
བསྟོད་པའི་ཚིག་འདི་ལྷག་བསམ་ཆེན་པོས་སྤེལ།།
འཕྲིན་སྟེགས། weikangba