༄༅།། ཉིན་གཅིག་གི་སྙན་ཚོམ།
རྩོམ་པ་པོ། བིས་མདོ་བ་ཆོས་སྐྱོང་།
༡ ཉུང་བའི་མཐའ།
ཉི་མ་སྔར་བཞིན་མགོ་ཐོག་གང་ཞིག་ན་འགྱིང་འདུག
ང་རང་སྔོན་ཆད་སྦྲ་ནག་གཟིམ་མྱོང་སའི་ས་དེ་ན་ལངས་ཡོད།
ངས་ད་དུང་བོད་ཡིག་ཅེས་པའི་སྨྱུ་གུ་ཞིག་འཆང་ཡོད།
ངས་ད་དུང་བོད་སྐད་ཅེས་པའི་སྙིང་གཏམ་ཞིག་རུམ་ཡོད།
ས་ཆེན་པོ་འདི།
ཤོག་བུ་དཀར་བོ་ཡུག་ཅིག་ཡིན་པའི་སྣང་བ་ཞིག་ཡོད་ཆོག་ན།
འབྲོང་བསྡད་མྱོང་བའི་ས་འདི་ན།
རྟ་འཚེར་མྱོང་བའི་རི་ལུང་འདི་ན།
འབྲོང་གཡག་གི་རྫི་བོ་བྱས་མྱོང་བའི།
རྟ་མཆོག་གི་སྒ་སྟེང་མནན་མྱོང་བའི།
ཞལ་དཀར་གྱི་མི་འདི་དག་དང་།
སྨྱུ་གུ་འཆང་མཁན་གྱི་མི་ཇི་འདྲའི་མང་ཨང་།
བོད་ཡིག་འདི་རྒྱན་ཆ་ཞིག་ཡིན་སྲིད་ན།
སྨྱུ་གུ་འཆང་མཁན་གྱི་མི་དག་གི་གྲས་ན།
རྒྱན་ཆ་འདི་བཏགས་ཡོད་མཁན་དུ་ཡོད་ཨང་།
ཉུང་བའི་མཐའ་ན།
ཀ་ཁའི་རོལ་དབྱངས་ལ་མིག་ཆུ་འཁྱིལ་འདུག
ཉི་མ་ནམ་ཞིག་ལ།
སྦྲ་ནག་གཟིམ་མྱོང་ས་འདི་ནས།
བོད་ཡིག་གི་རྐང་རྗེས་འདི་ཡང་།
རྟ་རྒྱུག་ཐང་དང་མཉམ་དུ་བྱེ་ཀླུང་ལ་འཐིམ་མམ།
༢ རྩོད་པའི་སྙིང་།
རྩོད་པ་ལ་སྙིང་རྗེ་མེད་ཨང་།
དེ་ལ་མ་ཡིན་ཡིན་མདོག་གི་དཔའ་ཞིག་མངའ་འདུག
ལོ་རྒྱུས་ལས་བོར་བའི་མིང་བྱང་གང་ཞིག
རྩོད་པར་དགའ་བའི་ཁོང་ཚོས་རྙེད་འདུག
ཚིག་མཛོད་ནས་དོར་བའི་ཡིག་འབྲུ་གང་ཞིག
རྩོད་པ་ཅན་འདིས་ཐང་ནས་བླངས་ཤིང་ཐོད་ལ་བཀུར་འདུག
ཐ་ན་རྩོད་པ་ཅན་འདིས།
རང་གི་མིང་ཡིག་ཀྱང་།
མ་ཡིན་ཡིན་མདོག་གི་རྩོད་པ་དང་འདྲ་བར།
ནང་སྙིང་མེད་པའི་ཁོག་སྟོང་དུ་བསྐྱུར་འདུག
ང་ཚོས་ཁོང་ཚོར་སྙིང་རྗེ་འོས།
ཚིག་མཛོད་ལ་མ་ཤོང་བའི།
མིང་ཡིག་ཁོག་སྟོང་ཅན་འདི།
མི་ཤེས་ཤེས་མདོག་དང་མ་ཡིན་ཡིན་མདོག་གི་རྩོད་པ་འདིའི་འགྲམ་ལྕག་ཡིན་ལ།
ང་ཚོར་འགྲམ་ལྕག་ཀྱང་ཅི་ལ་མིན་ཨང་།
༣ གོམས་པའི་ལམ།
ལམ་བུ་འདི་ཉག་ག་ཞིག་ལ་འཐེན་འདུག
ལམ་བུ་འདི་ཟོག་ལམ་ཞིག་ཀྱང་ཡིན་འདུག
ཁོད་ཡངས་ཤིང་སྤུས་ལེགས་པོའི་ལམ་བུ་ཞིག
གོམས་གཤིས་ལ་འཁྱུད་པའི་མི་དག་གིས།
འཇོར་དང་ལྕགས་ཁེམ་མི་མཁོ་བར།
གང་འདོད་དང་མཁས་ཚུགས་ཀྱི་སྨྱུ་གུ་ཕྲ་མོས་གཤིག་ཚར།
ད་ནི་ཁ་ཁུ་མི་སྙོམས་པའི་ལམ་ཞིག་ཏུ་གྱུར་འདུག
ཁོ་རང་ཚོས་མིག་ཟུང་རྒྱང་ལ་བལྟས་མི་འདུག
རྡོག་སྣེ་དང་ཟོག་རྗེས་གཅིག་པུ་དེར་བལྟས་འདུག
ཁོ་རང་ཚོས་སྨྱུ་གུ་ཕྲ་མོ་དེ་ད་རུང་བཟུང་ཡོད།
བུ་དང་ཚ་བོ་ལ་ལེགས་སྐྱེས་སུ་འབུལ་བརྩིས་ཀྱང་ཡོད་འདུག
༤ འཁྱག་པའི་སེམས།
ཁ་བ་རླུང་འཚུབ་དང་མཉམ་དུ་བབས་ཚར།
སུ་ལ་ཡང་གྲང་གྲང་སྙམ་པའི་སྣང་བ་ཞིག་ཡོད་འདུག
ལྕགས་ཐབ་ལ་ཨོང་བ་རབ་དང་རིམ་པ་བཞག་ཚར།
ད་རུང་གྲང་གྲང་ཞིག་ཏུ་སྣང་ཨང་།
སེམས་པ་མིག་ཆུ་དང་འདྲ་བར།
སེམས་ཁུར་དང་མཉམ་པར།
ཁ་བ་ལས་ལྡབ་འགྱུར་གྱི་འཁྱག་ཨང་།
དགོད་སྒྲ་ཡིས་རལ་གྲི་ཐོགས་ཏེ།
བོད་ཡིག་དང་མཉམ་དུ།
ཡིག་ནོར་དང་མཉམ་དུ།
རྩོད་པའི་སྙིང་ནས་ཟགས་ཤིང་།
ཉུང་བའི་མཐའ་ན་ལུས་པའི།
གོམས་པའི་ལམ་ནས།
འཁྱག་པའི་སེམས་ལ་འཚང་ཐལ།
༥ ཚོར་བའི་རྣག
ཚོར་བ་རྣག་འདུག
འགྲམ་ལྕག་ཚ་ཐག་ཆོད་པ་དེས་ཀྱང་།
ཞལ་དཀར་ཚོ་དང་མཉམ་པའི་མི་དག་སློང་མ་ཐུབ།
ང་སྔར་བཞིན་ཁེར་རྐྱང་དུ་ལུས།
ཁེར་རྐྱང་ནི་ཚོར་བའི་བྲང་གཞུང་གི་ནུ་འབུར་ཞིག་རེད
མཁྲང་ཞིང་ཟླུམ་པ་དེ།
སྐྱིད་སྡུག་གི་རེག་བྱའི་ཚོར་བ་ཞིག་ཨང་།
ཚོར་བ་རྣག་འདུག
རང་ཉིད་ཀྱང་བོར་འདུག
ཤ་ཚ་ཡི་པང་ནས་འཐོར་བའི་ཀི་སྒྲ་དེ་ཐོས་མ་སོང་།
ཁོ་ཚོ་ཡང་བསྐྱར་གཉིད་སོང་།
ཁྲག་རུལ་ནས་རྣག་བར་དུ་གཉིད་སོང་།
ད་ནི་སེན་ཏོག་བྱེད་ཀྱང་།
ཚོར་བ་ཞིག་ཡོད་ཚོད་མ་རེད།
༦ ཆད་པའི་ལྕེ།
ངག་ལྐུགས་པ་ནི་དུངས་དྲགས་པས་ཡིན་འདུག
ལྕེ་ཆད་པ་ནི་དྲན་པའི་གཏིང་གི་ཞེན་ཆགས་ཤིག་ཡིན་འདུག
དམུ་ཐག་གི་ལོ་རྒྱུས་གང་ཞིག་ནས་ཆད་སོང་།
ལྷོག་ལྷོག་ཏུ་བཞུར་མྱོང་བའི་ཆུ་མིག་དེ་ཡང་ནམ་ཞིག་ལ་ཆད་སོང་།
ད་ནི་ངག་ནས་ཅི་ཞིག་སྨྲ་འདོད་ཡོད་ཀྱང་།
ཞལ་དཀར་ཚོའི་འཛུམ་མདངས་ཀྱི་རལ་གྲིའི་སོ་ཁ་ནས།
ལྕེ་ཆད་སོང ངག་ལྐུགས་སོང་།
ད་ནི་ང་ལ་ཅི་ཡང་ལྷག་མེད།
བཤད་པའི་ལྕེ་མེད།
ངུ་བའི་ངག་མེད།
ཐ་ན་ཞེ་མཐུན་གྱི་རོགས་ལོ་ཞིག་ཀྱང་མེད།།
འཕྲིན་སྟེགས། weikangba