བུ་མོ་ཁྱོད་ཀྱིས།༼ ཞར་བཀོད་གཅིག ༽

2016-12-13
189

བུ་མོ་ཁྱོད་ཀྱིས།༼ ཞར་བཀོད་གཅིག ༽

  ཐོ་ཡོར།

  སྔོན་ཆད་ཀྱི་དྲན་པ་ཐམས་ཅད་ཕྱི་དྲོ་འདིར་སྤུངས།

  རྩེད་རའི་ཚབ་ཏུ་རྨི་ལམ་དུ་མ་འཁོར་བའི་མི་ཞིག་ཕྲིས།

  ཕྱི་རོལ་ཏུ་རྐང་རྗེན་དུ་སོང་ལ་ཕྱིར་མིག་ནང་དུ་ཉིན་ཞིག་གི་ན་ཟུག་གཏོར།

  ཁ་པར་དུ་གཏག་མ་ཐུབ་པ་འགའ་ཞིག་རི་མོའི་ནང་ནས་རྒྱང་ཕུད་ཐོངས།

  སྒེའུ་ཁུང་འགྲམ་ནས་ཉིན་ཞིག་གི་ངལ་དུབ་ཐག་རྡང་དུ་འཕོངས།

  ཕྱི་དྲོའི་དུས་ཚོད་ལྔ་བར་ནམ་ཟླ་འཁྱག་པ་འདིའི་མེ་ཏོག་ཐུས།

  རྒྱང་རིང་གི་མདུན་ནས་ཡིད་སུ་ལའང་མ་ཆགས་པར་སོང་།

  དཀལ་ཡོལ་དེའི་ནང་དུ་ཡུན་རིང་ལ་འཕྱུར་བའི་རྨ་ཁ་དེ་གྱོན།

  སྡོང་མགོར་བབས་པའི་བྱ་དེ་རྣམས་ལྡུམ་ར་སྟོང་བ་དེར་ཆུགས།

  ཆེས་རྗེས་མར་དུས་ཚོད་ཆད་པའི་སྒྲ་ལ་ཞིབ་ཏུ་ཉོན།

  ༢༠༡༦.༤.༡༣ཉིན།

  《གངས་རྒྱན་མེ་ཏོག》སྟེང་བཀོད།


  སྙིང་བོ། 

  ས་སྲོས་ནི།

  བུད་སོང་བའི་མི།

  མི་རྟག་པ་བསུབ་ཤུལ་གྱི།

  སྙིང་རྗེའི་རྩ་བ་འདམ་ལ་ཟུགས།

  ཁ་སང་གི་གསང་བའི་གཟིག་དེ་བཞིན།

  སྐོམ་པའི་དོན་དུ་མེ་ལོང་ལ་ཉིན་མཚན་དུ་ལྟ།

  ཆུ་ནང་གི་སྐྱེ་བོ་རྣམས་ཀྱི་རྐང་པ་མེ་ཡིས་འཚིག

  མེ་ཏོག་ནི་རླུང་གི་ནང་ནས་བཞད་རྗེས།

  མེ་མདའི་མཆུ་ནི་ལྗོན་ཤིང་ངོ་།

  གངས་ནི་བ་སོའི་ཕོ་བྲང་།

  སྟོན་ཁ་སླེབས་རྗེས་སུ།

  ང་ནི་ཁྱོད་ཡིན།

  ༢༠༡༦.༤.༡༣ཉིན།

  《གངས་རྒྱན་མེ་ཏོག》སྟེང་བཀོད།

  • 顶