ཁྱོད་ལ་བྲིས་པའི་སེམས་གཏམ་དམར་རྗེན་མ།༼ ཞར་བཀོད་གཅིག ༽

2016-12-13
369

ཁྱོད་ལ་བྲིས་པའི་སེམས་གཏམ་དམར་རྗེན་མ།༼ ཞར་བཀོད་གཅིག ༽

  སྙན་བུ། <པེ་ཅིན>

  མེ་ལྕེའི་ནང་གི་གར་མ་དེ་ཡིས་བཅོས་འཛུམ་སྟོན།།

  རླུང་བུ་ནག་པོ་སྒྱུ་མ་མཁན་ལྟར་རེངས་ནས་འོངས།།

  ནམ་མཁའ་ཐེད་པོ་མཚོ་ལ་ལྷུང་སྟེ་ཁྲོ་གཉེར་བསྡུ།།

  བདག་གིས་དེ་དག་མཐོང་ན་ཡང་།།

  ཁྱེད་རང་མཐོང་ཐུབ་མི་འདུག་གོ།

  ཚེ་ནི་མདུད་པ་ལོ་དང་ཟླ་བས་ཁ་རོག་བཀྲོལ།།

  སྐྱེ་འཆིའི་བར་ན་རྒད་པོ་ཞིག་གིས་ཟམ་པ་འཛུགས།།

  བསིལ་རླུང་ཁྲོད་དུ་སྐྱོ་བའི་སྙན་ཚིག་ཡོམ་ཡོམ་འདར།།

  བདག་གིས་དེ་དག་རྟོགས་ན་ཡང་།།

  ཁྱེད་རང་རྟོགས་ཐུབ་མི་འདུག་གོ།

  མྱ་ངམ་ཐང་སྟོང་མཚན་ལམ་གཅིག་ལ་འུར་ལོང་སེ།།

  རྫོང་མཁར་དམར་པོ་རྡུལ་གྱིས་གཡོགས་ཏེ་དབུགས་ཐོལ་ལེ།།

  བྱེའུ་ཆུང་ཆུང་ནམ་མཁས་དོར་ཏེ་འདར་ལྕིག་གེ།

  བདག་གིས་དེ་དག་ཐོས་ན་ཡང་།།

  ཁྱེད་རང་ཐོས་ཐུབ་མི་འདུག་གོ།

  ཟླ་བ་དཀར་པོའི་ཉེ་སར་བཅར་ཏེ་སྐྱེམས་ཆང་བཏུང་།།

  གདུང་བ་ནག་པོའི་དྲུང་དུ་བཞུགས་ཏེ་མྱ་ངན་ཞུ།།

  དྲན་པ་དམར་པོའི་མལ་དུ་ལོག་སྟེ་མཆི་མ་བགྲང་།།

  བདག་ནི་དེ་དང་བཅར་ན་ཡང་།།

  ཁྱེད་ལ་གཅར་ཐུབ་མི་འདུག་གོ།

  རྨི་ལམ་དུ་གྱུར་རྨི་ལམ་ནང་གི་རྟ་ཕོར་གྱུར།།

  ཕྱི་གསལ་ནང་གསལ་མེ་ལོང་ནང་གི་མེ་རུ་གྱུར།།

  གཤོག་པ་ཐོགས་པའི་བྱ་དང་བྱ་ཡི་གྲོགས་སུ་གྱུར།།

  བདག་ནི་དེ་ཚོར་གྱུར་ན་ཡང་།།

  ཁྱེད་ལ་འགྱུར་ཐུབ་མི་འདུག་གོ།

  དབུ་ལ་སྐྲ་ལོ་ག་ཙམ་སྐྱེས་ཤིང་ཅི་ཙམ་ཤུད།།

  མིག་ལ་ལོ་མ་ག་ཙམ་འཁྲུངས་ཤིང་ཅི་ཙམ་ལྷུང་།།

  སེམས་ལ་སྐྱོ་བ་ག་ཙམ་ལུད་ཅིང་ཅི་ཙམ་འགོར།།

  བདག་གིས་དེ་དག་བརྗེད་ན་ཡང་།།

  ཁྱེད་རང་བརྗེད་ཐུབ་མི་འདུག་གོ།

  ༢༠༡༦/༡༠/༢༧ཉིན་པེ་ཅིན་ནས།

  སེམས་ཀྱི་དབྱངས་རྟ།  

  སྙན་བུ།

  ངས་ལོ་ཟླ་བགྲང་མེད་ཅིག་བསྐྱུར་ནས

  རི་ཆུ་གྲངས་མེད་ཅིག་བརྒལ

  ངས་མཚན་མོ་བགྲང་མེད་ཅིག་བཀླགས་ནས

  ཟླ་བ་གྲངས་མེད་ཅིག་འཚོལ

  ངས་སེམས་ལ་བརྣགས་པའི་རྨ་ཁ་ལ

  ཡང་ཡང་ཨམ་གཙུགས་བསྡམས་ནས

  ང་འདི་ལྟར་ཡོང་དོན

  སྙིང་གི་མཚེ་ཡ    ཁྱེད་ཀྱིས་རྟོགས་སམ

  ང་འདི་ལྟར་ཡོང་དོན

  ཁེར་རྐྱང་ཡིན་པས་མིན་ལ

  ཅི་ཡང་འཛོམས་པས་ཡང་མིན

  ང་རླུང་བུ་ཞིག་གི་ཚུལ་གྱིས

  གངས་འདབས་ནས་ལམ་ལ་ཆས་ཏེ

  རྒྱང་རིང་གི་མཚོ་འགྲམ་དེར་སླེབས་ནའང

  ངས་ལམ་རིང་བོར་ཁྱེད་ཀྱི་དྲི་བསུང་བསྣམ་མ་བྱུང

  ང་རྨི་ལམ་མ་ཡིན་པའི་རྨི་ལམ་ལས་སད་དུས

  དཔྱིད་ཀ་དང་དབྱར་ཁ་གཉིས་ཀྱིས་ང་ལ་བདེ་མོ་བཞག་ཟིན

  ཐ་ན་ང་ལ་སྟོན་མཇུག་གི་སྐྱོ་གདུང་ལྷག་མ་དེ་ལས

  དགུན་ཟླ་རིང་མོ་འདིས་ཀྱང་སེམས་པ་དག་པའི་ཁུ་འཕང་ཞིག་

  ཕབ་མ་བྱུང

  སྐབས་འདིར

  ངས་ཅིས་ཀྱང་རྣ་བ་བླགས་ཏེ་རྒྱང་རིང་ལ་ཉན་འདོད

  རྒྱང་རིང་ན་ཁྱོད་ཡོད

  ཁྱོད་ཀྱི་སེམས་སྒྲ་ཡོད

  སེམས་སྒྲ་ལས་མཆེད་པའི་སྙན་འཇེབས་ཀྱི་དབྱངས་རྟ་ཡོད

  མིག་གིས་ཟླ་བ་འཚོ་བའི་མཚན་མོ་རེ་རེར

  རྒྱང་རིང་གི་དབྱངས་རྟ་དེ

  ངའི་སེམས་ཀྱི་ཟབ་ས་ནས་མགོ་བོ་ཀྲོག་ཀྲོག་འབུས་ཡོང

  ངས་དེ་ལ་དྲོད་ཁོལ་གྱི་མིང་ཞིག་བཏགས་ཡོད

  ཁྱེད་དང་འདྲ་བའི    ཁྱེད་ཀྱི་སྐྲ་ལོ་དང་འདྲ་བའི

  སྐྲ་རྩེ་ན་མར་ཟགས་གིན་པའི་ལང་ཚོའི་འཛུམ་བག་དང་འདྲ་བའི

  དབྱངས་རྟ་དེ་ལ

  ཟླ་འོད་འཕྲོས་ཚེ    ཟླ་བ་དང་འདྲ

  ཆར་ཆུ་ཟགས་ཚེ   སྤྲིན་པ་དང་འདྲ

  དབྱངས་རྟ་དེ་ལས

  བརྗེད་ཟིན་པ་དག་ཤག་ཤག་བཞུར་ཡོང

  བོར་ཟིན་པ་དག་ཐོལ་ཐོལ་འཕྱུར་ཡོང

  འདི་ལྟ་བུའི་སྐབས་མང་པོ་ཞིག་ལ

  ང་སྐྱ་རེངས་ལའང་སུན་སྣང་སྐྱེས་མྱོང

  ང་ཉི་མ་ལའང་སྡང་སེམས་སྐྱེས་མྱོང

  སྙིང་གི་མཚེ་ཡ    ཁྱེད་ཀྱིས་རྟོགས་སམ

  དྲན་པ་སྨྲེང་ལ་ཤོར་བའི་མཚན་མོ་རེ་རེར

  ངའི་རེ་འདུན་ཉག་གཅིག་ནི

  རྣ་བ་བླགས་ཏེ་རྒྱང་རིང་གི་སྙན་འཇེབས་ཀྱི

  ཁྱེད་དང་འདྲ་བའི་དབྱངས་རྟ་དེ་ལ

  ཁ་རོག་གེར་ཉན་འདོད་པ་དེ་ཡིན

  ༢༠༡༦/༡༠/༢༥ཉིན་པེ་ཅིན་ནས་བྲིས།

  • 顶