འདར།

2016-12-13
172

འདར།

  འབྲོང་།

  ད་ནི་འདར་བར་བྱ་སྟེ།

  ས་ཆེན་པོ་འདིའི་བར་སྣང་ན་རྒྱུ་བའི་རླུང་དེ་འདར་བྱུང་།

  རླུང་གི་དྲང་ཐད་ན་བཞད་པའི་མེ་ཏོག་དེ་འདར་བྱུང་།

  མེ་ཏོག་དེའི་རྩིད་བཅུད་ལ་རོལ་བའི་བུང་བ་དེ་འདར་བྱུང་།

  བུང་བའི་གཤོག་སྣེ་ན་གྲགས་པའི་གླུ་དེ་ཡང་འདར་བྱུང་།

  ད་ནི་འདར་བར་བྱ་སྟེ།

  ཉི་མའི་དཀྱིལ་འཁོར་ལས་སྤྲོས་པའི་འོད་དེ་འདར་བྱུང་།

  འོད་ཀྱི་རྨུ་ཐག་ལ་འཇུས་པའི་སྲིན་འབུ་དེ་འདར་བྱུང་།

  སྲིན་འབུ་དེའི་མིག་ལམ་ནས་ཆད་པའི་དྲ་རྒྱ་དེ་འདར་བྱུང་།

  དྲ་རྒྱའི་ཕྱོགས་སྣེ་ལ་ཐུག་པའི་རྡོ་བ་དེ་ཡང་འདར་བྱུང་།

  ད་ནི་འདར་བར་བྱ་སྟེ།

  རིགས་དྲུག་གི་འདོད་པ་གསལ་བའི་ཁ་དོག་དེ་འདར་བྱུང་།

  ཁ་དོག་དེའི་མཚོན་དོན་གྱེར་བའི་དར་ལྕོག་དེ་འདར་བྱུང་།

  དར་ལྕོག་དེའི་ངོས་སུ་བབས་པའི་ཡིག་འབྲུ་དེ་འདར་བྱུང་།

  ཡིག་འབྲུ་ལ་བཅོལ་བའི་འདོད་པ་དེ་ཡང་འདར་བྱུང་།

  ད་ནི་འདར་བར་བྱ་སྟེ།

  མཚན་མོ་འདིའི་ལས་སྐལ་ལ་བཅོས་པའི་ལྷིང་འཇགས་དེ་འདར་བྱུང་།

  ལྷིང་འཇགས་འདིའི་ཕ་མཐའ་ན་ཟད་པའི་ཉེ་རིང་དེ་འདར་བྱུང་།

  ཉེ་རིང་དེའི་ཁུགས་སོ་ལ་འཐམ་པའི་སེམས་པ་དེ་འདར་བྱུང་།

  སེམས་པ་དེས་བར་མེད་དུ་ངུས་པའི་ངོ་གདོང་དེ་ཡང་འདར་བྱུང་།

  ད་ནི་འདར་བར་བྱ་སྟེ།

  རྨི་ལམ་གྱི་གཤོག་སྣེ་ལ་དྲུད་པའི་དྲན་པ་དེ་འདར་བྱུང་།

  དྲན་པ་དེས་ཟིན་ཅིང་ཤོར་བའི་དམ་བཅའ་དེ་འདར་བྱུང་།

  དམ་བཅའ་དེའི་ནང་ཁོག་ལ་ཟུག་པའི་ཁྲེལ་གཞུང་དེ་འདར་བྱུང་།

  ཁྲེལ་གཞུང་དེའི་མདུན་རྒྱབ་ན་སྡོད་པའི་འུ་གཉིས་ཀྱང་འདར་བྱུང་།

  ༡༠༡༦.༡༡.༣ ཉིན་གྱི་མཚན་མོར་རྔ་བ་སྟག་མོ་རྫོང་དུ།

  • 顶