ངས་གཞས་ཤིག་གཏང་ན་འདོད།༼ ཞར་བཀོད་གཅིག ༽

2016-12-13
165

ངས་གཞས་ཤིག་གཏང་ན་འདོད།༼ ཞར་བཀོད་གཅིག ༽

             འཇིགས་མེད་བསམ་གཏན།

  ཉི་མ་ནི་སུ་ཞིག་གི་རྒྱབ་གཟིགས་ལ་ཅེར་བ་བཞིན

  རི་བོ་འདིའི་སྐེད་པར་འཐམས་དུས

  རྣ་ལམ་ན་རྒྱུ་བའི་ཕ་ལོའི་ཁ་ཏ

  ངག་ལམ་ན་གྱེར་བའི་ཨ་མའི་མ་ཎི

  ཡོད་ཚད་རེ་ཞིག་འཇགས

  ཉི་ནུབ་ལ་འཁྲེང་བའི་སེམས་པ

  ཕ་ཡུལ་དུ་བསྐྱོད་གྲབས་མཆིས་པས

  ཕྱིར་དྲན་ལ་གཤོག་པ་སྤྲད་ཅིང

  མདུན་ལམ་ལ་རིམ་བྲོ་སྒྲིག་དུས

  ཕ་ཡུལ་གྱི་ནམ་མཁའ  ཕ་ཡུལ་གྱི་རྩྭ་ཐང

  ཕུ་ནུའི་ནང་གཏམ་དག

  ཡིད་ལ་གསལ་ལེར

  འགྲུལ་བཞུད་ཀྱི་ཆེད་དུ

  རྒྱང་སྐྱོད་ཅིག་བྱས་པས

  ཡོད་ཚད་ཕྱིར་དྲན་གྱི་གཏིང་རུམ་ན་ལུས

  ཕ་མའི་གདོང་ལ་ཕབ་པའི་ན་ཟུག་གི་རི་མོ

  ཇེ་ཟབ་ནས་ཇེ་ཟབ་དུ་གྱུར་པས

  རང་ཉིད་འདི་ནར་སོན་གྱིན་པ་གཞི་ནས་རྟོགས

  དེ་རིང་ངས་ཉི་ནུབ་ཀྱི་ལྷིང་འཇགས་དེ་ཨ་ཕར་བཤད་འདོད

  ངས་མུན་ནག་གི་བརྩེ་བ་དེ་ཨ་མར་བརྗོད་འདོད

  ནར་སོན་ཟིན་པའི་གཏམ་རྒྱུད་དེ་གླུ་རུ་ལེན་འདོད

  ང་ལ་ཨ་ཕའི་བརྩེ་བ་དང་ཨ་མའི་དུངས་བ་ཡོད་པས

  རང་ཉིད་སྔ་མོ་ནས་ནར་སོན་འོས་ཨང

  དོ་ནུབ་ངས་གཞས་ཤིག་གཏང་ན་འདོད

  སྐད་མཐོན་པོས་གཞས་ཤིག་གཏང་ན་འདོད

  སང་ཉིན་གྱི་ཆེད་དུ་གཞས་ཤིག་གཏང་ན་འདོད

  ༢༠༡༥ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་བཀོད།


   མ་འོངས་བའི་ཁྱོད། 

  རི་བོ་མཐོན་པོ་ཞིག་རྩེ་ནས

  སྙིང་ཉེ་བའི་མི་ལ་རྒྱང་ལྟ་བྱེད་དུས

  མི་དེ་ཏག་ཏག་བདག་གི་སྒུག་གྱིན་པའི་མི་དེ་ཡིན་འདུག

  སྐྱེས་མ་ཐག་ནས་བསྒུགས་ཤིང

  སྐྱེ་བ་འདིར་བགོས་བའི་བདག་གི་ཕྱེད་ཀ་ཡིན

  བདག་གི་ཕུགས་བསམ་གྱི་ཁྱིམ་གཞི་དང

  དེའི་ནང་གི་བུ་དང་བུ་མོ་ཚོའི་ཡུམ་ཆེན་ཡིན

  ངས་རི་བོ་དང་རྩྭ་ཐང་མང་བོ་ཞིག་བརྒལ་ནས

  བུད་མེད་དང་གྲོང་ཚོ་མང་བོ་ཞིག་བསྐྱུར་ནས

  ལང་ཚོའི་མེ་ཏོག་གི་ཟེའུ་འབྲུ་མ་འཐོར་གོང

  གཞོན་པའི་བརྩེ་དུང་ལ་གཉེར་མ་འབབ་རགས་བར

  འཚོལ་འདོད་པའི་མ་འོངས་བའི་ཁྱོད

  ངའི་འཆར་ཡན་གྱིས་བཞེངས་བའི་སྐྱེད་ཚལ་དང

  སྐྱེད་ཚལ་དེའི་དབྱར་ཁ་ཡིན

  མ་འོངས་བའི་ཁྱོད་རང་དྲན་ཤིང་དུ་གྱུར་ནས་ཡོད

  མ་འོངས་བའི་ཁྱོད་རང་སེམས་གཏིང་ལ་ཟུག་ནས་ཡོད

  མ་འོངས་བའི་ཁྱོད་རང་མ་འོངས་བ་བཞིན

  མ་འོངས་བའི་སྡོམ་ཚིག་ཡིན

  ཁྱོད་རང་དྲན་དྲན་ནས་དུས་ཚོད་ག་ཙམ་འགོར་ངེས་སམ

  སྒུག་སྒུག་ནས་ལོ་ཟླ་ག་ཚོད་ཅིག་འདས་འགྲོ་ཨང

  རེ་སྒུག་གི་མ་འོངས་བའི་བདེ་སྐྱིད་དེའི་སྔོན་འགྲོ་ཡིན་ན

  དྲན་གདུང་ནི་མ་འོངས་བའི་འཚོ་བ་དེའི་བརྗོད་གཞི་ཡིན་ན

  ང་འཆར་ཡན་ཁྲོད་ཀྱི་མཚོ་མོ་དེའི་ཁ་ནས

  མ་འོངས་བའི་རྨི་ལམ་དང་འགྲོགས་ནས་བཟི་འདོད

 

 

  

  • 顶