འཁྲུལ་སྣང་།༼ ཞར་བཀོད་གཅིག ༽

2016-12-13
254

འཁྲུལ་སྣང་།༼ ཞར་བཀོད་གཅིག ༽

  ཀླུ་པད་བཟང་།༼ དཀར་མཛེས ༽

  ཆུ་འཁྱག་ཕོར་གང་ཧུབ་ཀྱིས་བཏུངས་རྗེས

  མེ་ལྕེའི་རྦ་རླབས་དྲག་ཏུ་འཕྱུར

  སྣུམ་སྒྲོན་གྱིས་མི་ཁེབས་པའི་གྲུ་ཟུར་ཞིག་ཏུ

  བྱིས་པ་གཅེར་བུ་འགའ་མཆོང་ལྡིང་གིས

  བདག་གི་རྨི་ལམ་གྱི་སྒོ་མོ་དལ་གྱིས་བརྡུང

  ཆར་བ་བབས་མཚམས་ཆད་རྗེས

  ཉི་ཟླ་གཉིས་ནི་རི་བོའི་ཕ་རོལ་དུ་བསྣུར

  ང་ནི་མ་ཕམ་གཡུ་མཚོའི་འགྲམ་གྱི་གཡུ་ཡི་མེ་ཏོག་ཅིག་ཡིན

  མི་ཞིག་གི་རྨི་ལམ་དུ་ཉི་ཟླ་གཉིས་ལྷན་དུ་འཚེར

  དེ་ནི་ཆུ་རྡོ་འཁྱག་པ་ཞིག་དང་འདྲ

  ས་རུབ་དུས་སྙིང་ཉེ་བའི་གདོན་འདྲེ་དྲན

  མ་ཕམ་གཡུ་མཚོའི་བྲག་ཐེམ་གྱི་གླག་རྒོད་འཕུར་རྗེས

  བྲེལ་འཚུབ་ངང་འོང་བའི་སྐྱ་མི་དག་གིས

  གྲིབ་མ་སྟུག་པོ་རྒྱང་དུ་བསྐྱུར་ནས

  བར་སྐོར་གྱི་སྡིག་སྒྲིབ་གསལ་བར་བྱེད

  ང་ནི་མ་ཕམ་གཡུ་མཚོའི་འགྲམ་གྱི་གཡུ་ཡི་མེ་ཏོག་ཅིག་ཡིན

  བྱེ་མ་སྦར་གང་རླུང་འཚུབ་ཀྱིས་སྤུར་རྗེས

  མིག་མདངས་ནི་མེ་ལྕེ་བཞིན་དུ་འབར

  ཅི་ཞིག་ལེན་འདོད་སྒོས་ལག་པ་ཕར་སྲིང་ཚེ

  ཁང་ཆག་སྟོང་ཤུལ་གྱི་ཕ་ཡུལ་ནས་ཤུགས་རིང་མང་ཙམ་འབྱིན

  ཨ་ཕའི་གྲིབ་གཟུགས་ལས་མེ་ཏོག་བཞད

  དུག་ཆུས་སྦངས་པའི་མེ་ཏོག་བཞད

  ཕྱི་དྲོ་གང་མང་ཞིག་ལ་འུ་ཅག་གཅིག་པུར་ཙོག་ནས

  ཉི་ནུབ་འོག་གི་རྨི་ལམ་ལ་སྟ་གོན་བྱེད

  ང་ནི་མ་ཕམ་གཡུ་མཚོའི་འགྲམ་གྱི་གཡུ་ཡི་མེ་ཏོག་ཅིག་ཡིན

  འཇིག་རྟེན་གྱི་སྨག་རུམ་ཧ་ཅང་སྟུག་པོའི་ཁྲོད

  ལྕགས་ཐག་ཤུགས་ཀྱིས་འཐེན་པའི་སྒོ་ཁྱི་འགའ་ཞིག

  སྐར་ཆ་རེ་རེའི་ཚག་སྒྲ་བགྲངས་ནས་མགོ་བོ་སྒུར་རྗེས

  བདག་གིས་བསྐལ་བ་དུ་མར་བསགས་པའི་དངན་པ་དག

  གཞོན་ནུ་མ་ཞིག་གི་རྨི་ལམ་དུ་འདྲེས

  2016.8.28 ཉིན།


  མི་རྟག་སྒྱུ་མའི་རྨི་ལམ། 

  སྐྱེ་བོ་དག་ཞི་འཇགས་ཀྱིས་བལྟམས་པའི་ཕོ་བྲང་དམར་པོར་ཞེད་ནས

  སྦས་དོན་ཟབ་པའི་རི་བོ་གཅིག་ཡིད་འགུལ་ཐེབས་པའི་ཚུལ་གྱིས་བསྒོམས

  མཚན་ཐུན་གཅིག་གི་རྨི་ལམ་དུ་ཉི་འོད་འཕྲོས་ཚུལ་གྱིས

  འགྱོད་གདུང་བྲལ་པའི་རང་ཉིད་ཀྱི་མིག་ཟུང་བསྟན་པར་བྱས

  རླབས་རིས་འཕྱོ་བའི་ཆུ་བོ་འདི་དལ་བུར་སྒུལ་དུས

  སྐྱེ་བོ་དག་རྨི་ལམ་ཁྲོད་ཀྱི་རང་ཉིད་འཇིག་པར་དོགས་ནས

  རྟོག་པས་བཏགས་པའི་ཚེ་སྲོག་གི་གསང་བ་ཁྱེར་ཏེ་ནགས་ཀྱི་མཐའ་རུ་རྒྱུགས

  ཤེལ་ཕོར་སྟོང་བ་ལ་ལག་པས་རེག་བཞིན་གསོན་འདོད་ཀྱི་རེ་བ་དྲག་ཏུ་འཕྱུར

  ཤིན་ཏུ་ཟབ་པའི་ཐ་སྙད་ཁ་ཤས་རུམ་དུ་བཅུག་ནས

  སྐྱེ་བོ་དག་དཔུང་བསྒྲིགས་ཏེ་རང་གི་གྲིབ་གཟུགས་ཀྱི་གཙང་བོ་བརྒལ་དུས

  ཟླ་དྲུག་པའི་ཉི་འོད་ཀྱི་འོག་ནས་འཚར་བའི་བདག་གི་ཕྱེ་མ་ལེབ

  ཚིག་གི་ཕྲེང་བའི་གསེབ་ཀྱི་གཏམ་རྒྱུད་ཅིག་ཏུ་གྱུར

  ཀེང་རུས་ཐོག་གི་བྱེ་རྡུལ་རླུང་འཚུབ་ཀྱིས་སྤུར་བ་ན

  གངས་འདབས་ཀྱི་རི་གྲོང་གཙང་བོའི་གཡས་གཡོན་ནས་ལྷོད་ཀྱིས་འཐོར

  སྐྱེ་བོ་དག་གིས་ཧ་ཅང་གཟབ་ནན་ངང་རང་གི་རྒས་གཉེར་བགྲང་ཡོང་དུས་སུ

  ངས་སྒྱུ་མའི་མཛེས་སྡུག་གི་ཕོ་བྲང་ཡིད་ལ་སྒོམ་བཞིན

  འཇིག་རྟེན་འདི་ཉིད་ཀྱི་སྤྲོས་བྲལ་རང་གི་བགོ་སྐལ་དུ་བཤམས

  གདོད་མའི་དུས་ཀྱི་ཕོ་བྲང་གི་ཐབ་ཁུང་ལས

  སྐྱོ་སྣང་ལྟ་བུའི་མེ་ལྕེ་དམར་ལམ་ལམ་འབར་ཅིང་ཐལ་བ་རླུང་གིས་སྤུར་དུས

  ཁོ་ཚོས་མེ་ལྕེ་ལྟ་བུའི་རང་ཉིད་ཀྱི་འཇིགས་པ་ཐལ་མོ་དང་མཉམ་དུ་ཕྱིར་དཔྱངས་ནས

  སྐྱེ་བ་ཕྱི་མ་འདས་དོན་གྱི་ནོར་འཁྲུལ་ཇི་བཞིན་བསྒོམས་པར་བྱས

  2016.7.4ཉིན།

  • 顶 0