འཁྱག་དར་གྱི་ངོས་སུ་བརྐོས་པའི་སྙན་ངག་ཚན་པ་དྲུག ༼ སྙན་ཚོམ ༽

2016-12-13
142

འཁྱག་དར་གྱི་ངོས་སུ་བརྐོས་པའི་སྙན་ངག་ཚན་པ་དྲུག 〈སྙན་ཚོམ〉

  ————  ཆུང་མ་བུ་མོ་མཆོག་ལ་ཕུལ་བ།

  མར་ཁུ་རྒྱལ་མཚན།

  བདམས་གསེས། 

  

  མེ་ལྕེ་ཡོད་ཚད་ཞི་ཚར་རྗེས་ཀྱི་ཐལ་རྡུལ་སྤར་མོ་གང་བོ་དེ

  ཁྱེད་ཀྱིས་སུ་ཞིག་ལ་བསྐྱུར་བའི་མཐའ་མཇུག་གི་ལེགས་སྐྱེས་དམར་པོ་ཡིན

  ཆུ་མོ་ཡོད་ཚད་བསྐམས་ཚར་ཤུལ་གྱི་རྡོ་བ་མཁྲེགས་པོ་དེ་དག

  ཁྱེད་ཀྱིས་སུ་ཞིག་ལ་བསྐྱུར་བའི་མཐའ་མཇུག་གི་མིག་ཆུ་རྡོག་པོ་རེ་རེ་ཡིན

  ཆར་བ་འབབ་ཐེངས་རེར        ངས

  མཁའ་དབྱིངས་ནས་ལྷུང་འོངས་བའི་ཆར་གྱི་ཐིགས་པ་རེ་རེ

  ཁྱེད་ཀྱིས      དག་པའི་ཞིང་ནས

  ངའི་སླད་དུ་བཞུར་བཞིན་པའི་མིག་ཆུ་ཐིགས་པ་རེ་རེ་རེད་ཨང་སྙམ་བྱུང

  ཁ་བ་འབབ་ཐེངས་རེ་རེར        ངས

  མཁའ་དབྱིངས་ནས་ལྷུང་འོངས་བའི་ཁ་བའི་འདབ་མ་རེ་རེ

  ཁྱེད་ཀྱིས        སུམ་ཅུ་རྩ་གསུམ་པའི་གནས་ནས

  ང་ལ་བསྐུར་འོངས་པའི་འཕྲིན་ཐུང་རེ་རེ་རེད་ཨང་སྙམ་བྱུང

  གནའ་སྔ་མོ་སྔ་མོ་ཞིག་ལ    རི་ཡི་རྩེ་མོ་ཞིག་ནས

  ཁྱེད་ཀྱི་མཆུ་སྒྲོས་ཀྱིས་རྒྱང་རིང་སྟོན་བཞིན

  འུ་གཉིས་ཀྱི་བདེ་སྐྱིད་དེ་རྒྱང་རིང་ན་ཡོད་ཟེར

  ཁྱེད་ཀྱིས      མཆུ་སྒྲོས་ཤིག་ཤིག་འདར་བཞིན

  འུ་གཉིས་ཀྱི་རྨི་ལམ་དེ་སྨུག་སྤྲིན་ཡལ་རྗེས་ཀྱི་ནམ་མཁའ་ན་ཡོད་ཟེར

  ཟླ་དྲུག་པའི་རྩྭ་ལྗང་ཡོད་ཚད་ཀྱི་རྣམ་ཤེས་རེ་རེ

  ཟླ་དྲུག་པའི་མེ་ཏོག་ཡོད་ཚད་ཀྱི་འཛུམ་མདངས་རེ་རེ

  ངའི་བྱིས་སྒྲུང་ནང་གི་གསང་བ་ཡིན་པ་བཞིན

  ཁྱེད་རང་གང་ནས་འོངས་ཤིང

  ཁྱེད་ཉིད་གང་དུ་ཆས་སོང་བ      ང་ལ་མཚོན་ན

  གབ་ལན་མེད་པའི་གབ་ཚིག་ཅིག་ཡིན་ནའང

  ངའི་དབུགས་ཀྱི་རྒྱུ་བ་མ་འགག་བར་དུ

  ཁྱེད་ཁོ་ན   ངའི་བགྲོད་ལམ་གྱི་སྣེ་ན

  ང་ལ་ལག་པས་གཡབ་མོ་ཡང་ཡང་གཏོང་བཞིན་པའི

  ཁེར་རྐྱང་གི་སྲས་མོ་དེ་ཡིན་ཞིང

  ཁྱེད་ཁོ་ན    ངའི་ཚེ་གང་གི་ནམ་མཁའ་ཡིན

  གཤོག་པ་ཡིན     མེ་ལྕེ་ཡིན

  མདོར་ན     ཁྱེད་ཁོ་ན

  ངའི་སྐྱེ་བ་ཡོད་ཚད་ཀྱི་བདམས་གསེས་ཡིན།

  

  ཁྱེད་ཀྱིས་ང་རང་སྦར་མྱོང་། 

  ང་ནི་འཆི་བདག་གི་ལག་མཐིལ་ན

  ཁུ་སིམ་མེར་ལུས་ཡོད་པའི་བུད་ཤིང་སྐམ་པོ་དེའོ

  ང་ནི    མུན་ནག་གི་ཁོང་གསེང་ན

  གྲག་མེད་འགུལ་མེད་དུ་ལུས་ཡོད་པའི་སོལ་བ་ནག་པོ་དེའོ

  ལོ་ཟླ་མང་པོ་ཞིག་གི་སྔ་རོལ་དུ   ཁྱེད་ཀྱི་ལག་ཟུང་གིས

  ང་རང་མེ་ལ་སྦར་སོང

  འཆི་བདག་གི་སེམས་པ་དེ་རྡོ་ལས་མཁྲེགས་ནའང

  མུན་ནག་གི་ངོ་གདོང་དེ་འཇིགས་སུ་རུང་ནའང

  འོད་སྣང་གི་ཀློང་ནས    ངས་ཁྱེད་རང་རྙེད་ཅིང

  ཁྱེད་ཀྱིས་ང་ལ་དྲོད་ཁོལ་གྲངས་མེད་ཅིག་སྦྱིན་སོང

  ཤིན་ཏུ་འཁྱག་པའི་ལོ་ཟླ་རེ་རེའི་ནང

  ཤིན་ཏུ་སྐྱོ་བའི་ཉིན་མཚན་རེ་རེའི་ནང

  ཤིན་ཏུ་བཟོད་ཐབས་བྲལ་བའི་སྐར་ཆ་རེ་རེའི་ནང

  ཁྱེད་ཀྱི་གཏམ་རྒྱུད་དང་འཛུམ་མདངས་ཀྱིས

  ང་རང་མེ་ལ་སྦར་མྱོང་བའི་དབང་གིས

  ངས   འཆི་བདག་གི་ལག་མཐིལ་ནས

  དངངས་སྐྲག་གི་དྲི་མ་ཡེ་ནས་ཚོར་མ་མྱོང་ཞིང

  ངས   མུན་ནག་གི་ཁོང་གསེང་ནས

  འཁྱག་གྲང་གི་བྲོ་བ་ཡེ་ནས་མྱང་མ་མྱོང

  བཀའ་དྲིན་ཆེ    ང་རང་མེ་ལ་སྦར་མཁན་ལགས

  ཐུགས་རྗེ་ཆེ     ང་རང་མེ་ལ་ངོ་སྤྲོད་གནང་མཁན་ལགས།

  

  ཁྱེད་ཀྱིས་ང་རང་བརླན་མྱོང་། 

  གོམ་སྒྲ་དེ      གཏན་ནས་ཐོས་ཐབས་མེད་ནའང

  ཆར་རླུང་གི་ཁྲོད་ནས        ངས་སྔར་ལྟར

  གཏིང་ཟབ་པའི་རྐང་རྗེས་དཀར་པོ་དེ་འཚོལ་བཞིན་ཡོད

  གླུ་སྒྲ་ཡོད་ཚད་འཇགས་ཚར་རྗེས    སྒྲོན་མེ་ཡོད་ཚད་གཟིམས་ཚར་རྗེས

  སྐམ་རིད་ཀྱི་ལག་པ་མཁྲེགས་པོ་ཞིག་གིས

  ཉིན་དང་མཚན་ལ

  ངའི་གདོང་ལ་རྨ་ཁ་ཡང་ཡང་རྐོ་བཞིན་འདུག་ནའང

  མི་ཡུལ་ནས     ངས་སྔར་ལྟར

  དུས་ཚོད་ཀྱི་ཁྲག་ཐིགས་རེ་རེ་བསགས་ནས

  སྙན་ངག་པ་བཞིན    ཕ་བོང་དམར་བོ་ཞིག་གི་བྲང་གཞུང་ལ

  སྙན་ངག་རྐོ་བཞིན་ཡོད

  ཆུ་ཐིགས་དྭངས་མོ་ཞིག་གིས     མཚན་མོ་ཞིག་ལ

  ང་ལ་ཁྱེད་ཀྱི་གཏམ་རྒྱུད་ཡོད་ཚད་བརྗོད་ཚར་རྗེས

  གློ་བུར་དུ     ང་རང

  མཐའ་དབུས་མེད་པའི

  རྒྱ་མཚོ་ཆེན་པོ་ཞིག་གི་ནང་དུ་ལྷུང་ཚར་ཞིང

  ལོ་ཟླ་མང་པོ་ཞིག་གི་རིང་ལ        ངས

  རང་ཉིད་ཀྱི་རྨི་ལམ་ནང་གི་སྐམ་ས་དེ་གཏན་ནས་རྙེད་མ་སོང

  ངས་ལག་ཟུང་གིས་རང་ཉིད་ཁྱེད་ལ་བཏེགས་ནས

  མགྲིན་པ་རྣོང་བཞིན་གླུ་གཞས་གཏོང་ཐེངས་རེར

  ཁྱེད་ཀྱིས་ངའི་གངས་རིའི་རྩེ་ན་ཁ་བ་མི་འདུག་མ་ཟེར

  ཁྱེད་ཀྱིས་ངའི་མིག་ཀོང་གི་ནང་ན་མིག་ཆུ་མི་འདུག་མ་ཟེར།

  

  དམ་བཅའ། 

  ཁ་བ་བབས་ནས་ང་ཡི་བགྲོད་ལམ་ཡོད་ཚད་བཀག་ཚར་འདུག

  སྨུག་སྤྲིན་འཐིབས་ནས་ང་ཡི་མིག་ལམ་མོག་པོར་བསྒྱུར་ཚར་འདུག

  བགྲོད་ལམ་གྱི་དཀྱིལ་དང་སྒེའུ་ཁུང་གི་འགྲམ་ནས

  ངས་ཇི་ལྟར་བཙལ་ནའང་ཁྱེད་ཉིད་ཁོ་ན་མཐོང་ཐབས་མི་འདུག

  མགོ་བོ་ཌ་རུ་ལྟར་གཡུག་ནས་གང་དུ་བལྟས་ཀྱང

  ཁྱེད་ཉིད་ཁོ་ན་མིག་གིས་མཐོང་ཐབས་མི་འདུག

  མེ་ལོང་གི་ནང་ཁྲོལ་སློག་ནས་ཁྱེད་ཀྱི་མིང་ནས་ཇི་ལྟར་བོས་ཀྱང

  ང་ལ་ཨ་ལན་མི་འདུག

  ཁང་མིག་གི་མིག་འབྲས་གཡར་ནས་ས་ཕྱོགས་གང་དུ་བལྟས་ཀྱང

  ཁྱེད་ཀྱི་རྐང་རྗེས་མི་འདུག

  དེ་ལྟ་ནའང     ངས

  འཇིག་རྟེན་དཀར་ངོགས་འདི་ནས

  གནམ་འོག་གི་འདབ་ཆགས་ཡོད་ཚད་ལ་ཁྱེད་རང་རྩད་གཅོད་བྱེད་དུ་འཇུག་ངེས

  ངས       མཁའ་དབྱིངས་ཀྱི་སྤྲིན་པ་ཡོད་ཚད་ཁྱེད་རང་འཚོལ་བར་མངག་ངེས

  ངའི་སྙིང་གི་དབུས་དང་སེམས་ཀྱི་གཏིང་ན

  ཚེས་རིས་ལྟར་འཛུམ་པའི་ངའི་ཁེར་རྐྱང་གི་མི་ཨ

  ཉི་ཟླ་གཉིས་ཀ་ས་ལ་ལྷུང་ནས

  ས་གཞི་ཆེན་པོ་དངངས་འདར་བརྒྱབ་སྟེ

  འུ་གཉིས་ཀའི་རྨི་ལམ་ཚལ་བ་གྲངས་མེད་དུ་འགྱུར་ཡང་རུང

  ངས    ཁྱེད་ཀྱི་ཞལ་རས་དང་སྙིང་གཏམ་མ་ལུས

  གནམ་སྔོན་པོའི་བྲང་གཞུང་ལ་བརྐོས་ནས

  ཁྱེད་ཉིད་འཚོལ་ངེས།

  ངའི་ཚེ་སྲོག་གི་བྲག་རི་མ་ཉིལ་བར་དུ

  ངའི་གཏམ་རྒྱུད་ཀྱི་བྱུང་རིམ་ཐམས་ཅད་མཇུག་མ་རྫོགས་བར་དུ

  ངས      ཁྱེད་ཀྱིས་ང་ལ་གནང་བའི་གསེར་མདོག་གི་སྒྲོན་མེ་དེ་བཟུང་ནས

  ཁྱེད་ཉིད་འཚོལ་བར་ངེས།

  

  མ་འོངས་ལུང་བསྟན། 

  ད་ལྟ        ངས

  རང་ཉིད་ཀྱི་ཁུར་བོ་ཡོད་ཚད་ཐང་ལ་བཞག་སྟེ

  ས་ཆེན་གྱི་པང་ནས     ཁེར་རྐྱང་གི་མཇལ་བ་བཞིན

  ངལ་ཞིག་གསོ་འོས

  ད་ལྟ       ངས

  ས་འོག་ནས་འབུས་འོངས་པའི

  དྭངས་བསིལ་བསིལ་གྱི་ཆུ་མིག་ལ་བཀའ་དྲིན་ཞུ་འོས

  རྔུལ་ཆུ་ཡོད་ཚད་གཙང་མར་ཕྱིས་རྗེས     ངས

  ས་ཆེན་གྱི་པང་ནས

  མི་ཡུལ་གྱི་རི་ཆུ་དང་ལྷ་ཚོགས་ཀྱི་འགྲམ་པར

  འོ་ཞིག་བྱ་འོས

  ཕུག་རོན་དཀར་པོ་ཞིག      བར་སྣང་ནས་ལྡིང་བསྐོར་ཐེངས་མང་བརྒྱབ་རྗེས

  ཕ་བོང་ཞིག་གི་སྟེང་ནས་ངལ་ཞིག་གསོས་ཤིང

  ཇ་ཡུན་ཙམ་གྱི་རྗེས་སུ      ངའི་སྙིང་དབུས་ནས

  སླར་ཡང་རྒྱང་རིང་ལ་འཕུར་སོང

  སྐྱ་རེངས་ཨ     མི་འགྱང་བར

  སྐར་ཁུང་ཆུང་ཆུང་ཞིག་ལས     ཁྱེད་ཀྱི་མིག་ཟུང་གིས

  ཁྲག་གིས་བརླན་པའི་སྙན་ངག་ཚན་པ་ཞིག་མཐོང་སྲིད་ཅིང

  སྙན་ངག་ཚན་པ་དེས་གཤོག་ཟུང་བརྐྱངས་ཏེ

  བར་སྣང་ནས་ལྡིང་བསྐོར་ཐེངས་མང་བརྒྱབ་རྗེས

  ངའི་སྙན་ངག་བཞིན    རྒྱང་རིང་ལ་འཕུར་འགྲོ་བ

  ཁྱེད་ཀྱི་མིག་ཟུང་གིས་གསལ་བོར་མཐོང་སྲིད

  ཉི་མ་ཨང    མི་ལོ་མང་པོའི་རྗེས་ནས

  ཁྱེད་ཀྱིས     ངའི་མདུན་ཕྱོགས་ན

  སྤྲིན་དཀར་དང་སྙེ་མའི་ཚོགས་ཀྱིས་མགོ་ལྕོག་ལྡེམ་བཞིན

  དགའ་ལྷང་ལྷང་གིས་བྲོ་གར་འཁྲབ་བཞིན་ཡོད་ནའང

  ངའི་རྒྱབ་ཕྱོགས་ནས      ཁ་བ་ནག་པོས

  ངའི་ཡོད་ཚད་སྔ་མོ་ནས་དུར་དུ་སྦས་ཡོད་པ་གསལ་བོར་མཐོང་སྲིད

  ཕ་ཡུལ་ཨ        མི་འགྱང་བར

  རྒོད་པོ་ཚོ་ལྷ་ཡུལ་ལ་ལོག་སྲིད

  རྒོད་པོ་ཚོས    ངའི་སྙན་ངག་དང་རུས་རྐང་ཁྱེར་ནས

  རྒོད་པོ་ཚོས   ངའི་མཐའ་མཇུག་གི་ཁ་ཆེམས་དང་ཀླད་ཞོ་ཁྱེར་ནས

  ལྷ་ཡུལ་ལ་ལོག་སྲིད་ཅིང

  ཉིན་མཚན་གང་མང་རྗེས་ཀྱི་སྟོང་ལྷང་ལྷང་གི་ཞོགས་པ་ཞིག་ལ

  རྒོད་པོ་ཚོའི་ཁྱིམ་མཚེས་སྟེ

  དམྱལ་བའི་ཁམས་ནས      ཁྱེད་ཚོས

  ངའི་ལུས་ངག་ཡིད་གསུམ་གྱི་གསང་གྲངས་མ་ལུས་གསལ་བོར་མཐོང་ངེས།

  

  མཆོད་མེ། 

  རི་ཚོགས་ཀྱི་ཡང་རྩེ་ནས    ངས

  རང་གིས་རང་ལ་མཆོད་མེ་རྐང་གཅིག་སྦར་ཡོད

  མིའི་རིགས་སམ    ཕ་ཡུལ་གྱི་ཡུལ་མི་ཚོས

  ས་སྲོད་ཀྱི་མཚམས་སྤྲིན་འོག་ན

  སྔར་ལྟར     ཁ་བ་དང་ལོ་ཏོག་གི་ལས་དབང་ལྒིང་བཞིན

  བྱིས་པ་དང་གྲིབ་མ་རྗེས་སུ་ཁྲིད་ནས

  ཡུལ་ལ་ལོག་བཞིན་འདུག

  མཆོད་མེ་རྐང་གཅིག       ཅི་ཞིག་ཡིན་ནམ

  མཆོད་མེ་རྐང་གཅིག       སེམས་ཀྱིས་སྦར་མྱོང

  དུས་ཚོད་ཀྱི་གོམ་འགྲོས་འཁྱོར་བའི་ལོ་ཟླ་རེ་རེའི་ནང

  ངས   ཁྱེད་ཀྱིས་བསྐུར་འོངས་པའི་མིག་ཆུའི་ཐིགས་པ་རེ་རེ

  མེ་ལ་བསྲེགས་ནའང     མཐའ་མར

  ང་ཁོ་ན   དྲག་རླུང་གིས་བསམ་དབང་དྲན་དབང་མེད་པར

  མུན་ནག་གི་ནང་ལ་བཙན་གྱིས་ཁྱེར་འགྲོ

  གནམ་སྔོན་པོའི་འོག་ནས         ངས

  ང་ནི་དབུལ་ཞིང་ཕོངས་པའི་སྤྲང་པོ་སྤྲང་རྒན་ཞིག་ཡིན་ཞེས

  སུ་ལའང་བརྗོད་མི་སྲིད་དེ

  ངའི་ཡ་ཆུང་ཁོག་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཡོད

  ངའི་མ་ཆུང་ཁོག་ན་ནང་བཅུད་ཀྱི་སེམས་ཅན་ཡོད

  ཡང་ན    མགོ་བརྩམས་པ་ནས་བཟུང

  ངས      རི་ཚོགས་ཀྱི་ཡང་རྩེ་ནས

  རང་གིས་རང་ལ་འོད་སྟོང་འབར་བའི་མཆོད་མེ་རྐང་གཅིག

  སེམས་ཀྱིས་སྦར་འོས།

  ༢༠༡༦.༧.༢༩ནས༣༡མཚན་མོར་ཕོ་བྲང་ནག་པོའི་ནང་ནས་གྲུབ།

  གདན་ཞུའི་རྩོམ་སྒྲིག་པ་གཅན་རྣམ་ཐར་གྱིས་འོས་སྦྱོར་བྱས།

 
  • 顶 0